བོད་ཀྱི་ལོ་གསར་ལ་ཉེ་བ་དང་བསྟུན་རྒྱ་ནག་གཞུང་གིས་དགོན་སྡེ་ཁག་གི་གྲྭ་བཙུན་ཚོར་འཚམས་འདྲི་དང་༧གོང་ས་མཆོག་དང་ཁ་བྲལ་ལ་འཐབ་རྩོད་དགོས་པའི་སྐུལ་མ་བྱས་ཡོད་འདུག

མ་འོངས་པར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཁ་བྲལ་བར་སྐྱོན་བརྗོད་དགོས་སྐོར་བརྗོད་ཡོད་འདུག

རྒྱ་ནག་གཞུང་གིས་དཔལ་ཡུལ་རྫོང་གི་དགོན་སྡེ་ཁག་ཏུ་ལོ་གསར་གསོལ་སྟོན་ལ་སྐད་བཏང་བའི་བླ་མ་དང་མཁན་པོ་ཁག་ཅིག་དང་རྒྱ་ནག་གི་འབྲེལ་ཡོད་མི་སྣ་ཚོའི་པར་རིས། Baiyu United Front

 ཕྱི་ཟླ་༡ ཚེས་༢༢ ཉིན་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་གི་དམར་ཤོག་ལས་བྱེད་ཚོས།ས་ཁུལ་དེའི་དགོན་སྡེ་༣༥ཙམ་གྱི་ནང་ཆེད་སྐྱོད་ཀྱིས་ལོ་གསར་འཚམས་འདྲི་དང་འབྲེལ་གྲྭ་བཙུན་ཚོར་རྒྱ་ནག་གཞུང་གི་ཆབ་སྲིད་སློབ་གསོ་དྲིལ་བསྒྲགས་དང་འབྲེལ། མུ་འཐུད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཁ་བྲལ་བའི་བྱ་སྤྱོད་ཐེར་བཏོན་བྱེད་དགོས་སྐོར་སྐུལ་མ་བྱེད་བཞིན་འདུག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས།རྒྱ་ནག་གཞུང་གིས་བོད་ཀྱི་དུས་ཆེན་ཁག་དང་བསྟུན་གྲྭ་བཙུན་ཚོར་བྱ་དགའ་དང་དངུལ་དངོས་སྤྲོད་བཞིན་པ་དེ་དག་ནི་དོན་དངོས་གྲྭ་བཙུན་ཚོར་བསླུ་བྲིད་བྱེད་པ་དང་། ཁོང་ཚོ་ལག་ཆར་བེད་སྤྱོད་ཀྱིས་༧གོང་ས་མཆོག་ལ་ངོ་རྒོལ་དང་མི་མང་མགོ་གནོན་ཐབས་ཙམ་ལས།དགོན་སྡེ་དང་གྲྭ་བཙུན་ཚོར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་རིགས་གང་ཡང་མིན་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

དཔལ་ཡུལ་རྫོང་འཐབ་ཕྱོགས་གཅིག་འགྱུར་ཁང་གི་སྐད་འཕྲིན་འཕྲིན་སྟེགས་སྟེང་སྤེལ་བའི་གནས་ཚུལ་ནང་།བོད་ཀྱི་ལོ་སར་དང་འབྲེལ་རྫོང་དེའི་དམར་ཤོག་དྲུང་ཆེ་ལའེ་ཡན(Liu Yan)གྱི་སྣེ་ཁྲིད་འོག།ཡ་ཆེན་ཆོས་སྒར་དང་ཀཿ་ཐོག་རྡོ་རྗེ་གདན།དཔལ་ཡུལ་དགོན་གཙོས་དགོན་སྡེ་ཆེ་ཆུང་༣༥་ལྷག་ནང་བསྐོར་སྐྱོད་ཀྱིས་དགོན་སྡེའི་སྣེ་ཁྲིད་པ་ཚོར་ཐུག་འཕྲད་བྱས་ཏེ།ལོ་གསར་འཚམས་འདྲི་དང་དངུལ་དངོས་ཀྱི་ལེགས་སྐྱེས་སྤྲད་དེ་། མ་འོངས་པར་མུ་མཐུད་དགོན་སྡེ་ཁག་གིས་མེས་རྒྱལ་གཅིག་གྱུར་དང་ཁ་བྲལ་བར་འཐབ་རྩོད་དགོས་པའི་སློབ་གསོ་སྤེལ་ཡོད་པ་བསྒྲགས་འདུག་ཅིང་། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས།རྒྱ་ནག་གཞུང་གིས་དམིགས་བསལ་དུས་ཆེན་ཁག་ལ་གྲྭ་བཙུན་ཚོར་མཚམས་འདྲི་ཟེར་བ་དེ།མི་མང་སྤྱི་ཡོངས་ནས་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་དང་ལེན་བྱེད་ཐབས་ཆེད་བེད་སྤྱོད་གཏོང་བའི་བྱ་སྤྱོད་ཞིག་ཡིན་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། 

སྤྱིར་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་གསར་དང་དུས་ཆེན་ཁག་ལ་བོད་ནང་གི་དགོན་སྡེ་ཁག་གི་འགོ་ཁྲིད་དང་།ཤེས་ཡོན་ཅན་པ་སོགས་མི་མང་གིས་གུས་བརྩི་ཞུ་སའི་མི་སྣ་ཚོར་འཚམས་འདྲི་དང་འབྲེལ།རྒྱ་ནག་གཞུང་གི་ཁ་ལ་ཉན་དགོས་པའི་སློབ་གསོ་ལས་འགུལ་སྤེལ་བཞིན་ཡོད་ཅིང་། རྒྱ་ནག་གཞུང་འབྲེལ་གསར་ལམ་དུ་དཔལ་ཡུལ་རྫོང་གིས་འདི་ལོ་ཡུལ་དེའི་དགོན་སྡེ་ཁག་གི་བླ་མ་མཁན་པོ་བཅུ་གྲངས་ཤིག་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་རུ་ཆེད་འབོད་ཀྱིས། ལོ་གསར་གསོལ་སྟོན་ཟེར་བ་དང་འབྲེལ་ཡུལ་དེའི་དགོན་སྡེ་ཁག་གི་གྲྭ་བཙུན་ཚོས་རྒྱལ་གཅེས་ཆོས་གཅེས་དང་།ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་དགོས་པ།ཁ་བྲལ་ལ་ངོ་རྒོལ་དགོས་པ་སོགས་ཀྱི་སློབ་གསོ་སྤེལ་འདུག་པར་མ་ཟད། དགོན་སྡེ་ཁག་ཏུ་ལོ་གསར་གུང་གསེང་སྐབས་ཆབ་སྲིད་སློབ་གསོར་སློབ་སྦྱོང་དགོས་པའི་དྲིལ་བསྒྲགས་དཔེ་དེབ༣༦༠༠ ལྷག་འགྲེམས་སྤེལ་སོགས་བྱས་ཡོད་པ་དཔལ་ཡུལ་རྫོང་འཐབ་ཕྱོགས་གཅིག་འགྱུར་ཁང་གི་སྐད་འཕྲིན་ཐོག་བཀོད་འདུག 

དཔལ་ཡུལ་རྫོང་ཁོངས་སུ་དེ་སྔ་རྒྱ་ནག་གཞུང་གིས་གཏོར་བཤིག་བཏང་བའི་ཡ་ཆེན་དགོན་དང་།སྔ་འགྱུར་རྙིང་མ་པའི་མ་དགོན་ཆེན་པོ་དྲུག་གི་ཡ་གྱལ་དཔལ་ཡུལ་མ་དགོན་གྱི་བཤད་གྲྭ་སོགས་ཡོད་པ་མ་ཟད།ལྷག་པར་ཡ་ཆེན་སྒར་དང་དཔལ་ཡུལ་དགོན་གཉིས་ནང་བོད་ཀྱི་ས་ཁུལ་གང་ས་ནས་གྲྭ་བཙུན་སློབ་གཉེར་བ་མང་དག་ཅིག་ཡོང་གི་ཡོད་སྟབས།ཕྱི་ལོ་༢༠༠༨ལོ་ནས་བཟུང་རྒྱ་ནག་གཞུང་གིས་ཡ་ཆེན་སྒར་ནང་ལྷ་ས་ཁུལ་དང་གཞིས་ཀ་རྩེ། ལྷོ་ཁ། ནག་ཆུ། ཆབ་མདོ་དཔལ་འབར། རི་བོ་ཆེ། སྟེང་ཆེན། ཀོང་པོ། འཇོ་མདའ་སོགས་ནས་སློབ་གཉེར་གནང་བཞིན་པའི་གྲྭ་བཙུན་ ༣༠༠༠ལྷག་ཕྱིར་ཕུད་བཏང་བའི་གནས་ཚུལ་བྱུང་ཡོད་པ་རེད་ལ།ཕྱི་ལོ་༢༠༡༣ལོར་དཔལ་ཡུལ་དགོན་གྱི་དགེ་འདུན་པ་ཁག་ཅིག་གིས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་བྱས་པའི་ནག་ཉེས་འོག་འཛིན་བཟུང་བྱས་པར།དགོན་པ་དེའི་གྲྭ་མང་གིས་དགེ་འདུན་པ་ཚོ་གློད་གྲོལ་དགོས་པའི་ངོ་རྒོལ་བྱས་རྗེས། རྒྱ་ནག་གཞུང་གིས་དགོན་པ་དེའི་ནང་ཆབ་སྲིད་དྲིལ་བསྒྲགས་སྤེལ་ཤུགས་ཆེ་རུ་བཏང་པ་སོགས་དམ་དྲག་གི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཡོད་པ་རེད། 

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།  
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org