རྒྱ་ནག་གཞུང་གིས་མགོ་ལོག་བ་ཡན་དགོན་པའི་དགེ་འདུན་པ་ཚོར་ཁ་བྲལ་ལ་ངོ་རྒོལ་དང་རྒྱ་ནག་གཅིག་གྱུར་ལ་ཁས་ལེན་དགོས་པའི་ས་ཡིག་བརྒྱབ་བཅུག་བཞིན་ཡོད་འདུག

ཕྱི་ཟླ་༧་ཚེས་༢༡་ཉིན་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དགའ་བདེ་རྫོང་གོང་མ་ཡུལ་ཚོའི་ནང་བརྟན་གཞི་བྱས་པ། ཡུལ་དེའི་བ་ཡན་དགོན་པའི་དགེ་འདུན་པ་ཚོར་མེས་རྒྱལ་གཅིག་གྱུར་དང་ཁ་བྲལ་གྱི་བྱ་སྤྱོད་སྤེལ་མི་ཆོག་པའི་ལས་འགུལ་དང་འབྲེལ། དགོན་པ་དེའི་དགེ་འདུན་པ་ཚང་མར་ཁ་བྲལ་གྱི་བྱ་སྤྱོད་རིགས་མི་སྤེལ་རྒྱུའི་ས་ཡིག་བརྒྱབ་བཅུག་ཡོད་པ།

གཡོན་ཕྱོགས་པར་རིས་དེ་མགོ་ལོག་བ་ཡན་དགོན་པའི་དགེ་འདུན་པ་ཚོར་ཕྱི་ཟླ་༧ཚེས་༡༢ཉིན་ས་ཡིག་བརྒྱབ་བཅུག་བཞིན་པ་དང་གཡས་ཕྱོགས་མགོ་ལོག་དགའ་བདེ་རྫོང་གི་དགོན་པ་ཞིག་ཏུ་ས་ཡིག་བརྒྱབ་བཅུག་བཞིན་པ། པར་རིས་གཉིས་པར་ཟླ་ཚེས་མི་གསལ། བོད་འབྱོར།

ཕྱི་ལོ་ ༢༠༢༣ ཟླ་བ་ ༧ ཚེས་ ༢༡ ཉིན་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དགའ་བདེ་རྫོང་གོང་མ་ཡུལ་ཚོའི་ནང་བརྟན་གཞི་བྱས་པ། ཡུལ་དེའི་བ་ཡན་དགོན་པའི་དགེ་འདུན་པ་ཚོར་མེས་རྒྱལ་གཅིག་གྱུར་དང་ཁ་བྲལ་གྱི་བྱ་སྤྱོད་སྤེལ་མི་ཆོག་པའི་ལས་འགུལ་དང་འབྲེལ། དགོན་པ་དེའི་དགེ་འདུན་པ་ཚང་མར་ཁ་བྲལ་གྱི་བྱ་སྤྱོད་རིགས་མི་སྤེལ་རྒྱུའི་ས་ཡིག་བརྒྱབ་བཅུག་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

འབྲེལ་ཡོད་ནས་དེ་འབྲེལ་པར་རིས་ཤིག་བསྐུར་བའི་ནང་། བ་ཡན་དགོན་པའི་ནང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བསྟན་པོ་བཙུགས་ནས་ང་ཚོས་བྱ་སྤྱོད་སྤེལ་བའི་ཁས་ལེན་མིང་རྟགས་བྱེད་སྒོ་སྤེལ་ཞེས་པའི་སྦྱར་ཡིག་སྟེང། དགོན་པའི་དགེ་འདུན་པ་ཚོར་ས་ཡིག་བརྒྱབ་བཅུག་བཞིན་པ་མཐོང་རྒྱུ་འདུག་ལ། གོང་ཞུས་བོད་ནང་གི་འབྲེལ་ཡོད་བོད་མི་གཅིག་ནས་མུ་མཐུད་བརྗོད་དོན་ལ། སྤྱིར་ན་དགོན་པ་ཁག་ཏུ་དྲིལ་བསྒྲགས་ཀྱི་བྱེད་སྒོ་ཁག་རྒྱུན་ལྡན་ལྟ་བུ་ཡིན་ན་ཡང་། དེང་སྐབས་འདོད་མོས་ཡོད་མེད་ལ་མ་བལྟོས་པར་ངེས་པར་ས་ཡིག་བརྒྱབ་བཅུག་པ་སོགས་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༦ ནང་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གི་དགོན་པ་ཁག་ཏུ། དགེ་འདུན་པ་ཚོར་༸གོང་ས་མཆོག་ལ་ངོ་རྒོལ་གྱི་ལས་འགུལ་ནང་ཞུགས་དགོས་པའི་ས་ཡིག་བརྒྱབ་བཅུག་པ་སོགས་བྱས་ཡོད་པ་རེད་ལ། བོད་གནས་ལྟ་ཞིབ་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། རྒྱ་ནག་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་ཏུ་༸གོང་ས་མཆོག་ལ་ངོ་རྒོལ་དགོས་པའི་ལས་འགུལ་ཤུགས་ཆེར་སྤེལ་བཞིན་པ་དེ། མི་རབས་གསར་བ་ཚོའི་སེམས་ནང་དུ་༧གོང་ས་མཆོག་རྩ་ནས་མེད་པར་གཏོང་ཐབས་ཤིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོ་དང་༸གོང་ས་མཆོག་གི་འབྲེལ་ལམ་གཅོད་ཆད་ཐབས་ཤེས་འདྲ་མིན་བྱེད་བཞིན་ཡོད་པ་རེད་ལ། འདི་ལོའི་ཕྱི་ཟླ་ ༦ ཚེས་མགོར་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གཉིས་ནས། ཕྱི་ལོ་༢༠༢༣ལོའི་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་བརྡ་ཁྱབ་དང་གོ་འཇོ་རྫོང་བོད་སྨན་ཁང་གཉིས་ཀྱི་ལས་ཞུགས་བརྡ་ཐོ་བཏང་བའི་ནང་། ༸གོང་ས་མཆོག་ལ་སྐྱོན་བརྗོད་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དགོས་པའི་ཆ་རྐྱེན་བཏོན་ཡོད་པ་སོགས་བྱས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org