རྒྱ་གཞུང་གིས་བོད་རིགས་ཉེན་རྟོག་འགོ་དཔོན་ཞིག་ཕྱིར་འབུད།
རྒྱ་གཞུང་གིས་བོད་རིགས་ཉེན་རྟོག་འགོ་དཔོན་ཞིག་ཕྱིར་འབུད་བྱས་པར་བོད་པ་ཚོས་ཁོང་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བསྟན་ཡོད་པ།
-
2012-10-20 -
-
-
༄༅༎རྒྱ་ནག་གཞུང་གིས་བོད་རིགས་ཉེན་རྟོག་འགོ་དཔོན་ཞིག་ཕྱིར་འབུད་བྱས་པར་བོད་པ་ཚོས་ཁོང་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་ཤུགས་ཆེར་བསྟན་ཡོད་འདུག
བཙན་བྱོལ་བོད་གཞུང་གི་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༢ ཟླ་ ༡ ཚེས་ ༡༨ ནས་ཚེས་ ༢༦ བར་དུ། བོད་མགོ་ལོག་པདྨ་རྫོང་ཁོངས་སུ་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་རྒོལ་རིམ་པ་ཞིག་སྤེལ་བའི་རྗེས། ས་གནས་རྒྱ་ནག་གཞུང་གི་ཉེན་རྟོག་པས་ངོ་རྒོལ་བྱེད་མཁན་ཁག་གཅིག་འཛིན་བཟུང་བྱས་ཡོད་ཀྱང་། ཁག་ཅིག་འཛིན་བཟུང་བྱེད་ངེས་ཡིན་པའི་བཀའ་རྒྱ་བཏང་བ་ལས་འཛིན་བཟུང་མ་བྱས་པར་བརྟེན། མཚོ་སྔོན་ཞིང་ཆེན་དང་མགོ་ལོག་ཁུལ་རིམ་པས་བཀའ་རྒྱ་བཏང་སྟེ། པདྨ་རྫོང་གི་ཉེན་རྟོག་དཔོན་པོ་དཔལ་སྟོབས་ལགས་ད་ལོ་ཕྱི་ཟླ་༧ ཚེས་༡ ཉིན་ལས་གནས་ནས་གནས་དབྱུང་བཏང་ཡོད་འདུག།
ས་གནས་མང་ཚོགས་ཀྱིས་གནད་དོན་དེ་གོ་མ་ཐག་ས་གནས་དགོན་པ་སོ་སོའི་འཐུས་ཚབ་དང་། མང་ཚོགས་ཀྱི་སྐུ་ཚབ་སོགས་་ཉེན་རྟོག་དཔོན་པོ་དཔལ་སྟོབས་ལགས་ཀྱི་ནང་དུ་བསྐྱོད་ནས། ཁོ་ལ་ཐུགས་རྗེའི་ལེགས་འབུལ་མཚོན་ཆེད་ཁ་བཏགས་སྒྲོན་འབུལ་དང་སྒོར་མོ་ཞལ་འདེབས་གནང་བ་སོགས་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེར་བསྟན་ཡོད་འདུག
དེ་ནས་ཕྱི་ཟླ་༨ ཚེས་༡ ཉིན་ཁོང་ཕྱིར་ཕ་ཡུལ་མགོ་ལོག་དར་ལག་ཏུ་སྐྱོད་སྐབས་ས་གནས་དགོན་སྡེ་ཁག་གི་སྐུ་ཚབ་དང་། ས་གནས་མང་ཚོགས་བཅས་ཁྱོན་རླངས་འཁོར་ཆེ་ཆུང་སུམ་བརྒྱ་མ་ཟིན་ཙམ་གྱིས་སྐྱེལ་མ་བྱས་ཡོད་པ་དང༌། ཉིན་དེར་ཉེན་རྟོག་དཔོན་པོ་དཔལ་སྟོབས་ལགས་ཀྱིས། བོད་ཆས་ཆ་ཚང་ཞིག་གོན་ལྷ་བསངས་བཏང་བ་དང༌། ས་གནས་མང་ཚོགས་ལ་ཁྲིམས་དང་མཐུན་པའི་སྒོ་ནས་ལས་དོན་སྒྲུབ་ཕྱོགས་སྐོར་ལ་གཏམ་བཤད་དང་ལམ་སྟོན་བྱས་ཡོད་འདུག།