རྒྱ་ནག་གི་དམག་མིས་བལ་ཡུལ་གྱི་ས་མཚམས་ས་ཐོག་ཏུ་འཛུལ་ཏེ་ལྕགས་རྭ་བསྐོར་བ།

རྒྱ་ནག་གི་དམག་མིས་བལ་ཡུལ་གྱི་ས་མཚམས་ས་ཐོག་ཏུ་འཛུལ་ཏེ་ལྕགས་རྭ་བསྐོར་བ་དང་ས་ཐིག་གསར་དུ་བརྒྱབས་པ་ཡོད་པར་བལ་ཡུལ་གྱི་མི་མང་ཚོས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ།

རྒྱ་ནག་དང་བལ་ཡུལ་གྱི་ས་མཚམས། ངོ་དེབ།

བལ་ཡུལ་གྱི་མི་སེར་ལས་འགུལ་ཚོགས་པ་Rashtriya་Ekata་Abhiyanཟེར་བ་ནས། རྒྱ་ནག་གི་དམག་མི་ཚོས་བལ་ཡུལ་དང་བོད་ཀྱི་ས་མཚམས་ཡིན་པའི་བལ་ཡུལ་གྱི་ས་ཐོག་ཏུ་འཛུལ་ཏེ་ས་ཐིག་རྒྱ་བསྐྱེད་ཀྱིས་བལ་བོའི་མཐའ་མཚམས་གོར་ཥ་རྫོང་ཁོངས་ཀྱི་བལ་བོད་ས་མཚམས་སུ།  རྒྱལ་ཁབ་ཕན་ཚུན་གྱི་ས་ཐིག་བར་སྟོང་གི་ས་ཐོག་ཏུ་ལྕགས་ར་གསར་རྒྱག་རྒྱ་བསྐྱེད་བྱས་སོང་ཞེས།  བདུན་ཕྲག་འདིའི་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་དང་།  བལ་གཞུང་གིས་གནས་ཚུལ་དེར་སྣང་མེད་གཏོང་བཞིན་པས་བལ་ཡུལ་གཞུང་གིས་ལན་འདེབས་བྱ་དགོས་ཀྱི་ལས་འགུལ་སྤེལ་ཡོད་པ་མ་ཟད།  གནས་ཚུལ་དེ་ལ་བརྟེན་ནས་བལ་ཡུལ་མཐའ་མཚམས་ཀྱི་ཡུལ་མི་མང་པོ་ཕར་ཚུར་འགྲུལ་བསྐྱོད་ལ་བཀག་སྡོམ་བཅས་ཡོང་གི་ཡོད་ཅིང་།   བལ་ཡུལ་གྱི་ས་ཁམས་དང་རྒྱལ་མཚམས་ཆེད་ལས་མཁས་པ་བུདྔྷི་ནཱ་རྱན་Buddhi་Narayanལགས་ནས།  རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྒྲིག་སྲོལ་དང་འགལ་ཏེ་བལ་ཡུལ་དང་ས་ཐིག་ཕན་ཚུན་དབར་སྟོང་ཆ་ཡོད་པ་རང་འཇགས་མ་བཞག་པར།   ས་སྟོང་གི་ཐོག་རྒྱ་བསྐྱེད་བྱས་པ་ནོར་འཁྲུལ་ཡིན་པ་འགྲེལ་བརྗོད་གནང་གི་འདུག
བལ་ཡུལ་བྱང་ཕྱོགས་ཀྱི་བོད་དང་བལ་ཡུལ་གྱི་ས་མཚམས་སུ་ས་ཐིག་ཨང་རྟགས་༤༥ཡོད་ས་དེར།  རྒྱལ་ཁབ་ཕན་ཚུན་གཉིས་ཀྱི་རྒྱལ་མཚམས་ས་ཐིག་གཉིས་ཀྱི་བར་ས་སྟོང་གང་འཚམས་བཞག་ཡོད་པ་དེར།  མི་ཏྲར་ལྔ་བཅུ་ལྷག་རྒྱ་ནག་ཚུར་འཛུལ་ཏེ་ས་ཐིག་ལྕགས་རྭ་བསྐོར་ཡོད་པ་ནི་དངོས་ཡོད་གནས་ཚུལ་ཡིན་པ་དང་། ས་མཚམས་གཏན་འབེབས་ཀྱི་ལམ་སྲོལ་དུ་ས་སྟོང་དེར་རྒྱལ་ཁབ་ཕྱོགས་གཉིས་ཀས་འཛུགས་བསྐྲུན་བྱས་ཆོག་གི་མེད་པར་བརྟེན། རྒྱ་ནག་གཞུང་གིས་ལྕགས་རྭ་བསྐོར་བ་བཞིན་པ་འཕྲལ་དུ་ཕྱིར་འཐེན་དང་བལ་ཡུལ་གྱི་གཞུང་དང་གོ་བསྡུར་གནང་དགོས་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག  གཞན་ཡང་བལ་བོའི་ས་ཁོངས་ལབ་ཕྱི་དང་བོད་ཀྱི་ས་མཚམས་སུ་རྒྱ་ནག་དང་བལ་གཞུང་གིས་ས་ཐིག་ཨང་རྟགས་༥༧པ་གཏན་འབེབས་གནང་སྐབས་ཀྱང་།  བལ་བོའི་ས་ཁོངས་སུ་རྒྱ་ནག་ཚུར་གང་འཚམས་འཛུལ་ཡོད་པ་འགྲེལ་བརྗོད་གནང་གི་འདུག

བལ་ཡུལ་གྱི་ས་མཚམས་སུ་ཁེལ་བའི་ལབ་ཕྱི་ས་ཁོངས་སུ་རྒྱལ་མཚམས་ས་ཐིག་ཨང་༥༧པ་གཏན་འབེབས་སྐབས་ཀྱང་།  བལ་ཡུལ་གཞུང་དང་ཁྱད་པར་བལ་ཡུལ་ས་མཚམས་རྟོག་ཞིབ་ཚོགས་ཆུང་གིས་རྒྱ་ནག་བལ་པོའི་ས་ཐོག་ཏུ་འཛུལ་ནས་ས་རྟགས་རྡོ་རིང་བསླངས་ཡོད་པར་ངོས་འཛིན་གནང་གི་ཡོད་པས།  ས་མཚམས་དེའི་དཀའ་རྙོག་ད་དུང་ཡང་རྒྱ་ནག་གཞུང་དང་བལ་གཞུང་གི་བར་གྲོས་མོལ་འགྲོ་བཞིན་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག  བུདྔྷི་ནཱ་རྱཱན་ལགས་ནི་བལ་གཞུང་གི་ས་ཁམས་རྟོག་ཞིབ་སྡེ་ཚན་གྱི་འགན་འཛིན་གནང་མྱོང་བ་མ་ཟད།  ད་ལྟ་Bhumichitra་ས་བཀྲ་བཟོ་འགོད་ལས་གྲྭའི་འཛིན་སྐྱོང་འགན་ཁུར་པ་གནང་གི་ཡོད་པ་རེད།
བལ་ཡུལ་གྱི་ས་ཆ་རྒྱ་ནག་གིས་ཟོས་འདུག་ཅེས་པའི་གནས་ཚུལ་ནི་ལོ་ཤས་ནས་ཡོང་བཞིན་པ་དང་།  དེ་ཚོ་ནི་ནུབ་ར་དང་སྙེ་ཤང་།  གློ་སྨོན་ཐང་བཅས་གང་རུང་དུ་ཡོང་གི་ཡོད་པ་གོ་རྒྱུ་འདུག་ཅེས་འགྲེལ་བརྗོད་གནང་སོང་ལ། རྒྱ་ནག་གཞུང་གིས་བལ་གཞུང་ལ་དཔལ་འབྱོར་གྱིས་བསླུ་བྲིད་ཤུགས་རྐྱེན་སྤྲད་དེ།  བལ་གཞུང་གིས་རྒྱ་ནག་དང་འབྲེལ་བའི་གནས་ཚུལ་དེ་རིགས་སྣང་མེད་ཀྱི་སྐྱོན་བརྗོད་ཡོང་བཞིན་པ་རེད།  རྒྱལ་སྤྱིའི་ས་མཚམས་དང་འབྲེལ་བའི་ཁྲིམས་ལུགས་ཁག་ནང་། རྒྱལ་ཁབ་ཕན་ཚུན་གྱི་ས་ཐིག་བར་ས་སྟོང་བཞག་པ་དེར་འཛུགས་བསྐྲུན་དང་ལྕགས་ར་འཐེན་མི་ཆོག་པ་མ་ཟད། གལ་ཏེ་གནས་ཚུལ་དེ་འདྲར་འཕྲད་ན་ངེས་པར་དུ་ཕྱོགས་གཉིས་ཀས་གོ་བསྡུར་མོས་མཐུན་གནང་དགོས་པར་བརྟེན།  བལ་ཡུལ་གྱི་མི་སེར་ལས་འགུལ་བ་ཚོས་རྒྱ་ནག་གཞུང་གིས་བལ་ཡུལ་གྱི་ས་ཕྱིར་སྤྲོད་དགོས་པ་དང་།  ས་མཚམས་ས་སྟོང་ཐོག་ལྕགས་རྭ་བསྐོར་བ་ཕྱིར་འཐེན་བྱ་དགོས་པའི་དགོས་འདུན་འདོན་བཞིན་པ་རེད།

 

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།

དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ནོར་སྡེ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org