ནོ་བེལ་ཞི་བདེའི་ཐག་གཅོད་ལ་བློ་མི་བདེ་བ་བྱུང་ཡོད་པའི་སྐོར།
རྒྱ་ནག་གི་དམངས་གཙོ་དོན་གཉེར་ཅན་ཚོས་སྲིད་འཛིན་ཨོ་སྦ་མ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་གནང་བ་དེར་བློ་མི་བདེ་བ་བྱུང་བ།
-
2009-10-10 -
-
-
༄༅༎རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་དམངས་གཙོ་དོན་གཉེར་ཅན་ཚོས་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་གནང་བ་དེར་བློ་མི་བདེ་བ་དང་བློ་ཁ་མ་འཚིམས་པ་ཆེན་པོ་བྱུང་ནས་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་མཁན་ཞིག་ལ་གནང་བ་ཡིན་ན་དེ་ཕན་ཐོགས་ཆེ་བ་ཡོང་སྲིད་པའི་བསམ་ཚུལ་བཏོན་འདུག
ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་ཡིས་རྒྱ་ནག་གཞུང་ཁོང་ཁྲོ་མ་ལང་བའི་དོན་དུ་བདུན་ཕྲག་འདིའི་ནང་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཆིབས་བསྒྱུར་སྐབས་མཇལ་འཕྲད་མ་ཞུས་པའི་གནས་ཚུལ་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་ཐད་ཨོ་སྦ་མའི་བཞེངས་ཕྱོགས་དེ་ཙམ་གཏན་པོ་མེད་པའི་སྐབས་འདི་འདྲ་ཞིག་ལ་ཁོང་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་རྒྱུའི་ཐག་གཅོད་གསལ་བསྒྲགས་གནང་བ་དེར་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་འགའ་ཤས་ཀྱིས་སྐྱོན་བརྗོད་གནང་འདུག
ལོ་འདིའི་ནང་རྒྱ་ནག་དམར་ཤོག་ཚོགས་པས་དབང་སྒྱུར་བྱས་ནས་ལོ་ངོ་དྲུག་བཅུ་འཁོར་གྱི་ཡོད་པ་དང་བོད་མི་ཚོ་བཙན་བྱོལ་ལ་འབྱོར་ནས་མི་ལོ་ལྔ་བཅུ་འཁོར་བ། གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་བྱུང་ནས་ལོ་ཉི་ཤུ་འཁོར་གྱི་ཡོད་པ་སོགས་དུས་དྲན་མང་པོ་ཞིག་འཁེལ་གྱི་ཡོད་སྟབས་ནོ་བེལ་ཞི་བའི་གཟེངས་རྟགས་དེ་བཞིན་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཞིག་ལ་ཐོབ་རྒྱུའི་རེ་བ་ཆེན་པོ་བྱུང་ཡོད་པ་རེད། ལོ་འདིའི་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་སའི་ཐོག་མའི་འོས་མིའི་གྲས་སུ་ཉིས་སྟོང་བདུན་ལོའི་ཕྱི་ཟླ་བཅུ་གཉིས་ནས་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་པའི་ཧུའུ་ཅ་དང་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ལྦེ་ཅིང་ཧྲེང་སོགས་ཡོད་པ་རེད།