ས་ཁ་རོལྦ་འགྲོ་བ་མིའི་ཐོབ་ཐང་གཟེངས་རྟགས་འོས་དམིགས།
ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་བཞེས་རྒྱུའི་མཐའ་མའི་མཚན་གཞུང་ནང་རྒྱ་རིགས་ཤིག་འདེམས་སྒྲུག་བྱུང་ཡོད་འདུག
-
2008-09-25 -
-
-
༄༅༎༢༠༠༨ལོའི་ཡུ་རོབ་གྲོས་ཚོགས་ཀྱི་ས་ཁ་རོལྦ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་བཞེས་རྒྱུའི་མཐའ་མའི་མཚན་གཞུང་གསུམ་གྱི་ནང་ རྒྱ་ནག་ནང་དོ་དམ་བཙོན་འཇུག་འོག་ཡོད་པའི་ཧུ་ཇའེ་ཟེར་བའི་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཁོང་འདེམས་སྒྲུག་བྱུང་ཡོད་སྐོར་ ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ལྷན་ཁང་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག
ཡུ་རོབ་གྲོས་ཚོགས་ཀྱིས་༢༠༠༨ལོའི་ས་ཁ་རོལྦ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་འབུལ་རྒྱུའི་སྔོན་འགྲོའི་མཚན་གཞུང་བརྒྱད་ཡོད་པའི་ནང་ བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེར་ཕན་པའི་དྲག་ལས་མཚམས་འཇོག་དང་ཆོས་ལུགས་མཐུན་འབྲེལ་གྱི་མཛད་འཕྲིན་ དེ་བཞིན་བྱམས་བརྩེ་དང་འཛམ་གླིང་ཀུན་ཁྱབ་ཀྱི་འགན་འཁུར་ལེན་ཕྱོགས་བཅས་ཀྱི་མཛད་འཕྲིན་ལ་བརྟེན་ནས་༸གོང་ས་མཆོག་ལ་ས་ཁ་རོལྦ་གཟེངས་རྟགས་བཞེས་མཁན་གྱི་སྔོན་འགྲོའི་མཚན་གཞུང་བརྒྱད་ནང་མཚན་བཀོད་ཡོད་པ་རེད་ ཡིན་ཡང་ཡུ་རོབ་གྲོས་ཚོགས་ཀྱི་ལྟེ་གནས་སྦ་ར་སེལ་སེ་ནས་གནས་ཚུལ་འབྱུང་ཁུངས་ཞིག་གིས་བརྗོད་དོན་ལྟར་ན་ ས་ཁ་རོལྦ་གཟེངས་རྟགས་བཞེས་རྒྱུའི་མཐའ་མའི་མཚན་གཞུང་གསུམ་ནང་༸གོང་ས་མཆོག་འདེམས་ཐོན་མ་ཞུས་པ་དེ་ནི་ ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་གཙོ་བོར་འགྱུར་བའི་རྒྱལ་སྤྱིའི་ཐོག་ཆེ་བསྟོད་ཀྱི་ངོས་འཛིན་དུ་མ་ཡོད་མུས་ཡིན་པའི་རྒྱུ་མཚན་གཟིགས་ཡོད་པར་འགྲེལ་བརྗོད་བྱས་འདུག ད་རེས་ས་ཁ་རོལྦ་གཟེངས་རྟགས་བཞེས་རྒྱུའི་མཐའ་མའི་མཚན་གཞུང་གསུམ་ནང་ རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཧུ་ཇའེ་ཞུ་བ་འདེམས་ཐོན་བྱུང་དགོས་གཙོ་བོ་ཞིག་ནི་ ཁོང་རྒྱ་ནག་ནང་འཛིན་བཟུང་བཙོན་འཇུག་འོག་ལུས་པའི་རྒྱུ་མཚན་ཁོངས་སུ་ དེ་སྔ་༢༠༠༧ལོར་ཧུ་ཇའེ་ཡིས་ཡུ་རོབ་གྲོས་ཚོགས་ཀྱི་ཉན་ཞིབ་ལྷན་ཚོགས་སར་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་བཀའ་མོལ་ཞུས་པའི་རྒྱུ་མཚན་ལ་ཐུགས་ཀྱི་ཡོད་པ་དང་ འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་བཞེས་མཁན་ཁོངས་སུ་ཧུ་ཇའེ་མཚན་བཀོད་ཞུ་རྒྱུ་དེ་བཞིན་སྨྲ་བརྗོད་ཀྱི་རང་དབང་མེད་པའི་རྒྱ་ནག་དང་བོད་གཉིས་ཀྱི་དཀའ་སྡུག་ལ་ཡུ་རོབ་གྲོས་ཚོགས་ཀྱིས་ངོས་འཛིན་གནང་བའི་མཚོན་རྟགས་ཡིན་པར་གསལ་འདོན་བྱས་འདུག