གློག་བརྙན་དུས་སྟོན་ནས་རྒྱ་ནག་གི་གློག་བརྙན་ཕྱིར་འཐེན།
རྒྱ་མིའི་གློག་བརྙན་ཇུས་བཀོད་བྱེད་མཁན་དེས་རྒྱ་ནག་གཞུང་གིས་གློག་བརྙན་ཕྱིར་འཐེན་གྱི་ཐག་ཆོད་ལ་མོས་མཐུན་ཡོད་ལུགས་བརྗོད་འདུག
-
2010-01-07 -
-
-
༄༅༎རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནས་ཕྱིར་འཐེན་བྱས་པའི་རྒྱ་མིའི་གློག་བརྙན་ཇུས་བཀོད་བྱེད་མཁན་དེས་རྒྱ་ནག་གཞུང་གི་ཐག་ཆོད་ལ་མོས་མཐུན་ཡོད་ལུགས་འགྲེལ་བརྗོད་བྱས་འདུག
ཨ་མི་རི་ཀའི་ཀེ་ལི་ཕོར་ནི་ཡའི་མངའ་སྡེའི་ནང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་འཛམ་གླིང་ཁྱོན་ཡོངས་ནས་འདེམས་ཐོན་བྱུང་བའི་གློག་བརྙན་མང་པོ་ཞིག་བཏོན་གྱི་ཡོད་པའི་ཁོངས་སུ་རྒྱ་ནག་གི་གློག་བརྙན་ཇུས་བཀོད་པ་ལུ་ཆོན་གྱིས་བཟོས་པས་འཆི་གསོན་གྱི་གྲོང་ཁྱེར་ཞེས་པ་ཞིག་དང་གཞན་ཡང་དགོད་བྲོའི་གློག་བརྙན་ཞིག་བཅས་བཏོན་འཆར་ཡོད་ཀྱང་དུས་སྟོན་དེའི་ནང་བསྟན་འཛིན་བསོད་ནམས་དང་ཁོང་གི་སྐུ་ཟླ་རྒྱ་གར་བ་རི་ཏུ་ས་རིན་ལགས་གཉིས་ནས་ཇུས་བཀོད་བྱས་པའི་སྤྲིན་པའི་རྒྱབ་ཀྱི་ཉི་མ་ཞེས་པ་དེ་བཞིན་རྒྱ་གར་གྱི་གློག་བརྙན་སྡེ་ཚན་ཁོངས་སུ་འདེམས་ཐོན་བྱུང་ནས་བཏོན་འཆར་ཡོད་པའི་རྐྱེན་གྱིས་རྒྱ་ནག་གཞུང་ནས་རྒྱ་ནག་གི་གློག་བརྙན་བཏོན་རྒྱུ་ཕྱིན་འཐེན་བྱས་ཡོད་པ་རེད། གློག་བརྙན་ཕྱིར་འཐེན་མ་བྱས་པའི་གོང་རྒྱ་ནག་གཞུང་ནས་དུས་སྟོན་གོ་བསྒྲིགས་བྱེད་མཁན་ཚོར་བོད་པའི་གནད་དོན་འཁོད་པའི་གློག་བརྙན་དེ་དག་ཕྱིར་འཐེན་བྱེད་དགོས་པའི་གནོན་ཤུགས་སྤྲད་ཀྱང་ལམ་ལྷོང་མ་བྱུང་བ་རེད།
ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ནས་རྒྱ་རིགས་གློག་བརྙན་ཇུས་བཀོད་པ་ལུ་ཆོན་ལ་གནད་དོན་འདིའི་སྐོར་འདྲི་རྩད་བྱས་པའི་སྐབས་གནས་ཚུལ་འདི་བཞིན་རྒྱལ་ཁབ་ཀྱི་གནད་དོན་དང་འབྲེལ་བ་ཆགས་ཀྱི་ཡོད་པ་དང་རྒྱལ་ཁབ་ཀྱི་ཁེ་ཕན་དང་མཐུན་སྒྲིལ་གནང་ཐབས་བྱེད་རྒྱུ་ནི་ང་ཚོ་རྒྱ་མི་རིགས་ཚང་མའི་བསམ་བློའི་འཁྱེར་གསོ་ཞིག་རེད་ཅེས་ལན་རྒྱབ་དང་ཆབས་ཅིག་གནད་དོན་འདིའི་སྐོར་སེམས་ནང་བསམ་པ་ནང་བཞིན་གསར་འགྱུར་བརྒྱུད་ལམ་ཐོག་ལན་རྒྱབ་བདེ་པོ་མི་འདུག་ཟེར་བ་སོགས་རྒྱ་ནག་གཞུང་གི་ཐག་ཆོད་ལ་མོས་མཐུན་ཡོད་པའི་རྣམ་འགྱུར་བསྟེན་ཡོད་འདུག གོང་ཞུས་ཕྱིར་འཐེན་བྱས་པའི་རྒྱ་མིའི་གློག་བརྙན་དེའི་ནང་དུའང་དེ་སྔ་ཉི་ཧོང་ནས་རྒྱ་རིགས་ཚོའི་ཐོག་དམག་ཆེན་གཉིས་པའི་སྐབས་སྡུག་སྦྱོང་བཏང་སྟངས་སྐོར་གྱི་ལོ་རྒྱུས་ཡིན་པ་རེད།
བོད་པའི་གློག་བརྙན་དེའི་ནང་དུའང་༸གོང་ས་མཆོག་གི་མཛད་འཕྲིན་དང་བོད་མི་ཚོའི་འཐབ་རྩོད་སྐོར་ཡིན་པ་རེད།