རྒྱ་ནག་ཏུ་དམངས་གཙོ་དོན་གཉེར་ཅན་ཞིག་ལ་ཁྲིམས་བཅད།

རྒྱ་ནག་གི་དམངས་གཙོ་དོན་གཉེར་ཅན་ལྦང་རོང་ཆིང་གིས་ཕྱོགས་འགལ་ཚོགས་པ་འཛུགས་ཐབས་བྱས་པའི་ནག་ཉེས་འོག་ལོ་དྲུག་གི་བཙོན་ཁྲིམས།

༄༅༎ལོ་གྲངས་དྲུག་ཅུ་རེ་ལྔ་ལ་སླེབས་པའི་རྒྱ་ནག་གི་དམངས་གཙོ་དོན་གཉེར་ཅན་ལྦང་རོང་ཆིང་གིས་ཕྱོགས་འགལ་ཚོགས་པ་འཛུགས་ཐབས་བྱས་པའི་ནག་ཉེས་འོག་རྒྱ་ནག་གཞུང་གིས་ཁོང་ལ་ལོ་དྲུག་གི་བཙོན་འཇུག་ཉེས་ཆད་བཏང་ཡོད་པའི་སྐོར་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས་དེ་རིང་གསུངས་འདུག

རྒྱ་ནག་ཤར་ཕྱོགས་ཀྲེ་ཅང་ཞིང་ཆེན་ཁུལ་གྱི་ཧང་ཀྲུའུ་གྲོང་ཁྱེར་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ལྦང་རོང་ཆིང་ལ་རྒྱ་ནག་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་སུ་གཞུང་གིས་དམ་བསྒྲགས་བྱ་ཡུལ་རྒྱ་ནག་དམངས་གཙོ་ཚོགས་པ་སྒྲིག་འཛུགས་བྱས་པའི་ཉེས་འཛུགས་འོག་ལྦང་ལ་ལོ་དྲུག་གི་བཙོན་འཇུག་ཉེས་ཆད་བཀལ་བཞག

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་བརྗོད་དོན་ལྟར་ན་སྔ་ལོ་པེ་ཅིང་ནང་ཨོ་ལིམ་པིག་རྩེད་འགྲན་ཚུགས་རྒྱུའི་ཟླ་བ་གཉིས་གོང་ཕྱི་ཟླ་དྲུག་པའི་ནང་ལྦང་འཛིན་བཟུང་བྱས་ཡོད་པ་རེད། ལྦང་གི་གཅེན་པོ་ལྦང་རོང་རྒྱའོ་ཡིས་ལྦང་ལ་ལོ་དྲུག་གི་བཙོན་འཇུག་ཉེས་ཆད་བཏང་ཡོད་པའི་གནས་ཚུལ་བདེན་པ་ཡིན་སྐོར་བརྗོད་འདུག ཨེ་པི་གསར་ལས་ཁང་གིས་ཧང་ཀྲའོ་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་རྩད་གཅོད་གནང་སྐབས་ལན་བྱེད་མཁན་བྱུང་མི་འདུག རྒྱ་ནག་ནང་མའོ་རྩེ་ཐུང་གི་དུས་སྐབས་མཇུག་སྒྲིལ་ཟིན་རྗེས་༡༩༧༠དོན་གྲངས་ནང་ལྦང་རོང་ཆིང་ཡིས་དམངས་གཙོའི་ལས་དོན་འགོ་འཛུགས་བྱས་པ་ནས་བཟུང་རྒྱ་གཞུང་གིས་ཁོང་ལ་སུན་བཙིར་ཡང་ཡང་བཟོས་པ་དང་༡༩༩༩ལོར་ཟླ་བ་གཉིས་རིང་བཙོན་འཇུག་བྱས་ཡོད་པ་རེད། ཁ་ས་ཁྲིམས་ཁང་ནང་ཡོད་པའི་ལྦང་གི་གྲོགས་པོ་དང་ཕྱག་སྦྲེལ་ཀྲུ་ལྦེ་ཡིས་ཁ་ས་ཁྲིམས་ཁང་ནང་ཁྲིམས་གཅོད་བྱེད་སྐབས་ཉེན་རྟོག་པས་ལྦང་གཡས་གཡོན་ནས་སྐྱོར་དགོས་ཀྱི་ཡོད་པ་དང་ལྦང་རོང་ཆིང་གི་གཟུགས་གཞིའི་གནས་བབ་ཡག་པོ་མེད་ནའང་སྙིང་སྟོབས་ཆེན་པོ་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org