རྒྱ་ནག་གིས་ཐོབ་ཐང་དོན་གཉེར་བ་གྲགས་ཅན་ཞིག་ལ་ཁྲིམས་ཆད།
རྒྱ་ནག་གཞུང་གིས་ངལ་རྩོལ་ལས་མིའི་ཐོབ་ཐང་དོན་གཉེར་བ་གྲགས་ཅན་ལེའུ་ལ་ལོ་བཞི་དང་ཕྱེད་ཀའི་བཙོན་འཇུག་ཉེས་ཆད་བཏང་འདུག
-
2017-07-07 -
-
-
རྒྱ་ནག་གི་ངལ་རྩོལ་ལས་མིའི་ཐོབ་ཐང་དོན་གཉེར་བ་གྲགས་ཅན་(Liu Shaoming) ལ་རྒྱལ་ཁབ་མགོ་རྟིང་སློག་རྒྱུའི་ངན་སྐུལ་བྱས་པའི་ནག་ཉེས་བཙུགས་ནས་ལོ་བཞི་དང་ཕྱེད་ཀའི་བཙོན་དུས་ཉེས་ཆད་བཏང་འདུག
དེ་ཡང་བཟོ་གྲྭའི་ལས་མི་ཟུར་པ་(Liu Shaoming)་གིས་ཨ་མི་རི་ཀའི་དྲ་རྒྱ་ཞིག་གི་ཐོག་༡༩༨༩་ལོའི་གནམ་བདེ་སྒོ་མོ་ཆེའི་དམངས་གཙོའི་ལས་འགུལ་སྐོར་རྩོམ་ཡིག་སྤེལ་བའི་གནས་ཚུལ་བྱུང་རྗེས། ༢༠༡༥་ལོའི་ཕྱི་ཟླ་ལྔ་པའི་ནང་རྒྱ་ནག་ལྷོ་ཕྱོགས་ཀོང་ཏུང་Guangdong་ཞིང་ཆེན་ནང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པ་རེད།
ཕྱི་ཟླ་ ༧ ཚེས་ ༧་ཉིན་ཀོང་ཏུང་Guangzhou་འབྲིང་རིམ་མི་མང་ཁྲིམས་ཁང་གིས། Liu ལ་ལོ་བཞི་དང་ཕྱེད་ཀའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་ཐོག་ཉེས་འཛུགས་བྱེད་ཡག་དེའང་རྒྱལ་ཁབ་མགོ་རྟིང་སློག་ཐབས་བྱས་པར་ཁ་སྙད་དེ། བཙོན་འཇུག་གི་ཁྲིམས་ཐག་གཅད་འདུག Liu་ཡིས་ཕྱི་རྒྱལ་གྱི་དྲ་ལམ་ཐོག་དྲུག་བཞིའི་དོན་རྐྱེན་ལ་དྲན་གསོ་བྱས་པའི་རྩོམ་ཡིག་ཐེངས་འགའ་ཤས་སྤེལ་བའི་དཔང་རྟགས་ར་འཕྲོད་བྱུང་ཡོད་པ་ཁྲིམས་ཁང་གིས་བརྗོད་ཡོད་སྐོར་ Liu ཡི་ཁྲིམས་རྩོད་པ་Wu Kuiming གིས་ཧྥ་རན་སི་གསར་ལས་ཁང་ལ་འགྲེལ་བརྗོད་བྱས་འདུག་ལ་ཁྲིམས་ཁང་ལ་ཞུ་གཏུགས་བསྐྱར་དུ་བྱེད་འཆར་ཡོད་སྐོར་བརྗོད་འདུག
འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་གནམ་བདེ་སྒོ་མོ་ཆེའི་ལས་འགུལ་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་དོན་རྐྱེན་ལ་དྲན་གསོ་བྱས་པར། རྒྱ་ནག་གཞུང་གིས་ནག་ཉེས་ཚབས་ཆེར་རྩིས་ནས་མང་པོ་ཞིག་དོན་མེད་འཛིན་བཟུང་དང་བཙོན་འཇུག་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད།
རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བརྗོད་ན། ད་རེས་ཁྲིམས་བཅད་ཕོག་པའི་(Liu Shaoming)ནི། ང་ཚོ་ལས་མི་ཚོ་ཞེས་པའི་རྒྱ་ནག་ནང་གི་ངལ་རྩོལ་ལས་མིའི་སྐོར་གྱི་དངོས་བྱུང་གློག་བརྙན་དེའི་ནང་ཡོད་པ་དང་། ད་རེས་ཁོང་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དེ་ཁྲིམས་དང་མ་མཐུན་པ་ཞིག་ཡིན་པར་བརྟེན་འཕྲལ་དུ་གློད་བཀྲོལ་བྱ་དགོས་པའི་དགོས་འདུན་བཏོན་གནང་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།