ལྷ་ས་ཁུལ་དུ་ཏང་ཡོན་ལས་བྱེད་ཚོས་སློབ་སྦྱོང་བྱེད་དགོས་ས་གཙོ་བོ་ཁ་བྲལ་བར་ངན་འབྲེལ་མི་ཆོག་པ་དེ་རེད་འདུག

བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ཏང་ཡོན་ལས་བྱེད་དང་དམར་ཤོག་ཚོགས་པའི་མགོ་ཁྲིད་ཚོས། སློབ་སྦྱོང་དང་སྒྲིག་ཁྲིམས་བརྩི་སྲུང་བྱ་དགོས་ས་གཙོ་བོ་ཁ་བྲལ་བར་ངན་འབྲེལ་མི་ཆོག་པ་དང་། ཕྱི་ཕྱོགས་སུ་རྒྱལ་ཁབ་ཀྱི་གསང་བ་སྤྲོད་མི་ཆོག་པ་སོགས་གཙོ་འདོན་སློབ་སྦྱོང་དགོས་སྐོར་ཡིན་པ།བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་ཏང་ཡོན་ལས་བྱེད་ཚོར་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་སྐབས་ཏང་ཡོན་ཚོས་བྱེད་མི་ཆོག་པའི་སྦྱར་ཡིག་པར་རིས། ཕྱི་ལོ་ ༢༠༢༤ ལོའི་ཟླ ༤ ནང་། Photo: Chinese Sate Media

ཕྱི་ལོ་༢༠༢༤ལོའི་ལོ་མགོ་ནས་བཟུང་རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པའི་ཏང་ཡོན་ལས་བྱེད་ཚོར། ཞི་ཅིན་ཕིན་གྱི་དགོངས་པ་དང་ཏང་གི་སྒྲིག་ཁྲིམས་ཟེར་བར་སློབ་སྦྱོང་དགོས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཞེས་པའི་ལས་གཞི་ཤུགས་ཆེར་སྤེལ་བཞིན་ཡོད་པ་ལྟར། དེང་སྐབས་ལས་འགུལ་དེ་བོད་ནང་གི་ས་གནས་སོ་སོར་སྤེལ་བཞིན་ཡོད་ན་ཡང་། བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ཏང་ཡོན་ལས་བྱེད་དང་དམར་ཤོག་ཚོགས་པའི་མགོ་ཁྲིད་ཚོས། སློབ་སྦྱོང་དང་སྒྲིག་ཁྲིམས་བརྩི་སྲུང་བྱ་དགོས་ས་གཙོ་བོ་ཁ་བྲལ་བར་ངན་འབྲེལ་མི་ཆོག་པ་དང་། ཕྱི་ཕྱོགས་སུ་རྒྱལ་ཁབ་ཀྱི་གསང་བ་སྤྲོད་མི་ཆོག་པ་སོགས་གཙོ་འདོན་སློབ་སྦྱོང་དགོས་སྐོར་ཡིན་པ།བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་བོད་མི་གཅིག་ནས་མུ་མཐུད་བརྗོད་དོན་ལ།ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་ཟེར་བ་དེ།གཙོ་བོ་གཞི་རིམ་གྱི་ལས་བྱེད་པས་ཞི་ཅིན་ཕིན་གྱི་བཀོད་ཁྱབ་གང་བཤད་པའི་ཁ་ལ་ཉན་དགོས་པ་དེ་ཡིན་པ་དང་། བོད་རང་སྐྱོང་ལྗོངས་ནང་གཞི་རིམ་ལས་བྱེད་ཚོར་འདས་པའི་ཟླ་བ་གསུམ་ལྷག་རིང་ཏང་གི་སྒྲིག་ཁྲིམས་ཀྱི་སློབ་སྦྱོང་ཟེར་བ།ལས་ཁུངས་དང་སྡེ་ཚན་སོགས་ཁག་བགོས་ཀྱིས་ཚོགས་པ་དང་།ཚོགས་འདུ་ཁག་གི་ནང་དོན་གཙོ་བོ་གཞི་རིམ་ཏང་ཡོན་དང་ལས་བྱེད་ཚོས།ཁ་བྲལ་བར་ངན་འབྲེལ་མི་ཆོག་པ་དང་། ཆོས་ལུགས་བྱེད་སྒོ་དང་ཆོས་ལུགས་ལ་དད་མོས་བྱེད་མི་ཆོག་པ་ཤུགས་ཆེར་བརྗོད་བཞིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པའི་ཏང་ཡོན་ལས་བྱེད་ཚོའི་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་བརྩི་སྲུང་བྱ་རྒྱུ་ཏེ། དམར་ཤོག་ཚོགས་པའི་ཆབ་སྲིད་སྒྲིག་ཁྲིམས་ཡོད་ཚད་ཀྱི་རྨང་གཞི་ཡིན་པས། ཏང་ཡོན་དང་དམར་ཤོག་ཚོགས་པའི་སྲིད་གཞུང་གི་མགོ་ཁྲིད་ཚོས་ངེས་པར་དུ་ཏང་གི་ཆབ་སྲིད་ཀྱི་སྒྲིག་ལམ་སྲུང་དགོས་སྐོར་གྱི་ལས་གཞི་ཤུགས་ཆེར་སྤེལ་བཞིན་ཡོད་པ་ལྟར། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས།རྒྱ་ནག་གཞུང་གིས་ཏང་ཡོན་ཚོར་སྒྲིག་ཁྲིམས་དམ་དུ་གཏོང་བཞིན་པའི་དམིགས་ཡུལ་གཙོ་བོ་དམར་ཤོག་ཚོགས་པའི་སྲིད་དབང་སྲ་བརྟན་གྱི་ཆེད་དུ། གཞི་རིམ་ཏང་ཡོན་ལས་བྱེད་ཁྲོད་གཞུང་གི་ལངས་ཕྱོགས་ལ་ཉེན་ཁ་མི་ཡོང་ཆེད་ཡིན་ན་ཡང་། ལས་གཞི་དེ་རིགས་བོད་ནང་དུ་སྤེལ་སྐབས་ག་དུས་ཡིན་ན་ཁྲིམས་མེད་ལུགས་མེད་དང་བོད་མི་ཚོའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཙམ་ལ་བསམ་བློ་མི་གཏོང་བ་མ་ཟད། བོད་རིགས་ལས་བྱེད་ཁྲོད་ཕ་མེས་ཡང་མེས་ནས་ཆོས་དད་མཁན་ཚོར་ཆོས་བྱེད་མི་ཆོག་པ་སོགས་ཀྱི་དད་མོས་རང་དབང་དང་། སྨྲ་བརྗོད་རང་དབང་ཡོད་ཚད་རྩ་མེད་དུ་གཏོང་གི་ཡོད་པ་བརྗོད་བྱུང་།

རྒྱ་ནག་གཞུང་གིས་ཏང་ཡོན་ལས་བྱེད་པར་ཏང་གི་སྒྲིག་ཁྲིམས་ཀྱི་བརྗོད་དོན་གཙོ་བོའི་སློབ་སྦྱོང་དགོས་པའི་ལས་འགུལ་དེ།ཕྱི་ལོ་༢༠༢༤ལོའི་ཕྱི་ཟླ་༢་ཚེས་༤་ཉིན་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་ནས་བརྗོད་དོན་གཙོ་བོའི་ཚོགས་འདུ་དང་འབྲེལ། རྒྱ་ནག་གི་ཏང་ཡོན་ལས་བྱེད་ཚོས་ཏང་གི་བརྗོད་དོན་གཙོ་བོའི་དགོངས་དོན་སློབ་སྦྱོང་དང་། ཏང་གཤིས་ཤུགས་ཆེར་གཏོང་དགོས་སྐོར་བརྗོད་པ་ནས་སྤེལ་མགོ་ཚུགས་ཡོད་པ་རེད་ལ།སྐབས་དེར་ཞི་ཅིན་ཕིན་གྱིས་ཏང་གི་སྒྲིག་ཁྲིམས་ནན་དུ་བཏང་ནས་ཏང་ཡོངས་སུ་གཅིག་སྡུད་རང་བཞིན་གྱི་སྒྲིག་ཁྲིམས་སློབ་གསོ་སྤེལ་དགོས་སྐོར་སོགས་བརྗོད་ཡོད་པ་རེད།

གསར་འགོད་པ། དཔལ་འབར། 
རྩོམ་སྒྲིག་པ། བསྟན་འཛིན་དོན་ཡོན། 

དྲ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོན།  
2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org