རྒྱ་ནག་གི་ཆོས་ཚོགས་འཐུས་མིའི་བྱ་སྤྱོད་ལ་སྐྱོན་བརྗོད་།
རྒྱ་མའི་སྐུ་ཚབ་ནས་ནང་པའི་ལྷན་ཚོགས་གོ་སྒྲིག་ཞུ་མཁན་ལ་བོད་མིའི་སྐུ་ཚབ་མཉམ་ཞུགས་བྱ་མི་ཆོག་པའི་གནོན་ཤུགས་སྤྲད་ཡོད་པ་རེད།
-
2012-06-15 -
-
-
༄༅༎བཙན་བྱོལ་བོད་གཞུང་གི་ཆོས་དང་རིག་གཞུང་བཀའ་བློན་པདྨ་ཆོས་འབྱོར་ལགས་ལྷོ་རི་ཡའི་ཡིའོ་སུའུ་དུ་ཚོགས་པའི་འཛམ་གླིང་ནང་པའི་ལྷན་ཚོགས་སུ་ཕེབས་ཡོད་ཀྱང་ལྷན་ཚོགས་དེར་ཡོང་བའི་རྒྱ་མའི་སྐུ་ཚབ་ནས་ལྷན་ཚོགས་གོ་སྒྲིག་ཞུ་མཁན་ལ་བོད་མིའི་སྐུ་ཚབ་མཉམ་ཞུགས་བྱ་མི་ཆོག་པའི་གནོན་ཤུགས་སྤྲད་ཡོད་པ་རེད།
དེ་རིང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་ལ། འཛམ་གླིང་ནང་པའི་ལྷན་ཚོགས་ཐོག་རྒྱལ་ཁབ་ཁག་༤༩ ནས་སྐུ་ཚབ་ཆིག་སྟོང་ལྷག་མཉམ་ཞུགས་བྱས་ཡོད་པ་དང༌། ཕྱི་ཚེས་༡༢ ཉིན་ཚོགས་འདུ་དབུ་འབྱེད་མཛད་སྒོའི་སྐབས། རྒྱ་མའི་དགེ་འདུན་པ་དང་ལས་བྱེད་པ་བཅས་ཁྱོན་སྐུ་ཚབ་༡༧ སླེབས་ཡོད་པ་ཚོས་ལྷན་ཚོགས་གོ་སྒྲིག་ཚོགས་ཆུང་ལ། ཆོས་རིག་བཀའ་བློན་ལྷན་ཚོགས་ནང་མཉམ་ཞུགས་བྱ་མི་ཆོག་པར་ཕྱིར་བུད་གཏོང་དགོས་པའི་གནོན་ཤུགས་སྤྲད་པར་བརྟེན་ནས། གོ་སྒྲིག་གི་ཚོགས་ཆུང་གིས་བཀའ་བློན་ཁྱུག་ཙམ་རིང་ལྷན་ཚོགས་ནས་ཕྱིར་ཐོན་དགོས་པའི་རེ་སྐུལ་ཞུ་དགོས་བྱུང་བ་དང༌། བཀའ་བློན་མཆོག་གིས་ཀྱང། ལྷོ་ཀོ་རི་ཡ་ནི། རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པས་རྒྱ་མིའི་གནོན་ཤུགས་ལ་མགོ་སྒུར་དགོས་དོན་མེད་ཀྱང༌། ཚོགས་བཅར་བ་ཡོངས་དང༌། གོ་སྒྲིག་ཚོགས་ཆུང་ལ་སྐུ་ངལ་མི་ཡོང་བའི་ཆེད་དུ་ཁྱུག་ཙམ་རིང་ཕྱིར་ཐོན་རྒྱུའི་ཁས་ལེན་གནང་སྟེ། ཕྱིར་ཐོན་པའི་སྐབས། གསར་འགོད་པ་མང་པོ་ཞིག་གིས་ཚོུད་གཅིག་ལྷག་བཀའ་དྲི་ཞུས་པ་མ་ཟད། ཉིན་རྒྱབ་ཀྱི་ཚོགས་འདུའི་ནང་སླར་ཡང་ཕེབས་པའི་སྐབས། རྒྱ་མའི་སྐུ་ཚབ་ཚོས་ངོ་རྒོལ་གྱི་རྣམ་འགྱུར་བཏོན་ཏེ། ཚོགས་ར་ནས་ཕྱིར་ཐོན་པ་རེད། དེར་བརྟེན་ལྷོ་ཀོ་རི་ཡའི་ནང་པའི་ཆོས་ཚོགས་ཀྱིས་རྒྱ་མིའི་སྐུ་ཚབ་ཚོས་ཚོགས་ར་ནས་ཕྱིར་འཐེན་བྱས་པ་དེར་དགོངས་སེལ་ཞུ་དགོས་པའི་སྐྱོན་བརྗོད་བྱས་ཤིང༌། ཕྱི་ཚེས་༡༤ ཉིན་ལྷོ་ཀོ་རི་ཡའི་ནང་པའི་ཆོས་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་གི་ནང་པའི་སྐུ་ཚབ་ཚོས་ཆབ་སྲིད་ཀྱི་རྙོག་གླེང་བཤད་དེ། འཛམ་གླིང་ནང་པའི་ལྷན་ཚོགས་སུ་ཕེབས་པའི་བོད་མིའི་སྐུ་ཚབ་ངོས་ལེན་མེད་པའི་རྣམ་འགྱུར་བསྟེན་པ་མ་ཟད། ཚོགས་ར་ནས་ཕྱིར་ཐོན་པའི་བྱ་སྤྱོད་ལ་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན་ཞིང༌། འཛམ་གླིང་ནང་པའི་ལྷན་ཚོགས་དེ་ནི་ཆོས་ཕྱོགས་ཁོ་ན་ལས་ཆབ་སྲིད་དང་བསྲེས་ལྷད་བྱས་ཚེ་རྩ་བ་ནས་འགྲིག་ཐབས་མེད་པས་རྒྱ་ནག་གི་སྐུ་ཚབ་ཚོའི་བྱེད་སྟངས་ཐད་ངེས་པར་དུ་དགོངས་སེལ་ཞུ་དགོས་པ་ཡིན། མ་འོངས་པར་གནས་ཚུལ་དེ་རིགས་མི་ཡོང་བའི་ཁས་ལེན་བྱེད་དགོས་ལ་ང་ཚོའི་ཆོས་ཚོགས་ཀྱི་ཐོག་ནས། བོད་མི་ཚོས་ཆོས་ཕྱོགས་ཀྱི་ལས་དོན་གང་ཞིག་སྤེལ་ཡང་མཐའ་ཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་བཀོད་ཡོད་པ་རེད།