རྒྱ་ནག་གཞུང་གིས་ས་ག་ཟླ་བའི་ཚེས་༡༥ཉིན་ལྷ་སའི་མཆོད་མཇལ་དང་ཕྱག་སྐོར་བྱེད་གནས་ཁག་ཏུ་ཉེན་རྟོག་པ་འགྲེམས་འཇོག་གིས་མི་མང་གཏོང་གི་མེད་འདུག

ལྕགས་ར་བརྒྱབ་ནས་མཆོད་མཇལ་བ་གཅིག་ཀྱང་གཏོང་གི་མེད་པ་དང་། ཉེན་རྟོག་པས་རླངས་འཁོར་རིགས་གྲ་སྒྲིག་གིས་མི་སྣ་འཛིན་བཟུང་བྱ་རྒྱུའི་གྲ་སྒྲིག་དང་འཇིགས་སྣང་སྐུལ་ཐབས་སོགས་བྱེད་བཞིན་མ་ཟད། ཉེན་རྟོག་པ་དང་ཞིབ་བཤེར་ས་ཚིགས་མེད་པའི་གནས་ཤིག་མེད་ས་མི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག

མི་སེར་གསར་འགོད་པ།

ཕྱི་ཟླ་ ༥ ཚེས་ ༢༣ ཉིན་སྟེ་བོད་ཟླ་ ༤ ཚེས་ ༡༥ ཉིན་གྱི་ས་ག་ཟླ་བའི་དུས་ཚེས་ཉིན་དང་བསྟུན། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་གི་བར་སྐོར་དང་ར་མོ་ཆེ་གཙོས། མི་མང་གི་མཆོད་མཇལ་དང་ཕྱག་སྐོར་བྱེད་གནས་ཚང་མར་དམག་མི་འགྲེམས་འཇོག་གིས། མི་ཚོགས་འདུ་འཛོམས་དང་ཕྱག་སྐོར་དང་མཆོད་མཇལ་བྱེད་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་པ་མ་ཟད། ས་ག་ཟླ་བའི་ཚེས་ ༡༤ དགོང་མོ་ནས་བཟུང་ཉེན་རྟོག་པ་དང་ཉེན་རྟོག་རླངས་འཁོར་འགྲེམས་འཇོག་གིས་འདི་གར་བརྙན་ཐུང་ལག་སོན་བྱུང་པའི་ནང་། མཆོད་མཇལ་ཕྱག་སྐོར་བ་གཅིག་ཀྱང་མཐོང་རྒྱུ་མི་འདུག་ལ། མི་མང་ལ་ས་གནས་དེ་ཁུལ་དུ་ཡོང་མི་ཆོག་པའི་ཉེན་བརྡ་གཏོང་བ་སོགས་བྱེད་ཡོད་པ་བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།

གོང་ཞུས་འབྲེལ་ཡོད་བོད་མི་གཅིག་ནས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ། ཕྱི་ཚེས་༨་དང་༡༠་སོགས་ལ་མཆོད་མཇལ་མཁན་དང་ཕྱག་སྐོར་བྱེད་མཁན་ཕོན་ཆེན་བྱུང་སོང་ན་ཡང་། ཉིན་ཤས་རྗེས་ཚེས་༡༥་སླེབས་ལ་ཉེ་བ་དང་ཕོ་བྲང་པོ་ཏ་ལའི་ཞོལ་རྡོ་རིང་ཉེ་འཁོར་དང་།བར་སྐོར་དང་གཙུག་ལག་ཁང་གི་ཉེ་འཁོར།སེར་འབྲས་དགའ་གསུམ་སོགས་སུ་འགྲོ་སའི་ལམ་ཁ་ཚང་མར་ཉེན་རྟོག་ས་ཚིགས་ཆེད་འཛུགས་དང་། ལྕགས་ར་བརྒྱབ་ནས་མཆོད་མཇལ་བ་གཅིག་ཀྱང་གཏོང་གི་མེད་པ་དང་། ཉེན་རྟོག་པས་རླངས་འཁོར་རིགས་གྲ་སྒྲིག་གིས་མི་སྣ་འཛིན་བཟུང་བྱ་རྒྱུའི་གྲ་སྒྲིག་དང་འཇིགས་སྣང་སྐུལ་ཐབས་སོགས་བྱེད་བཞིན་མ་ཟད། ཉེན་རྟོག་པ་དང་ཞིབ་བཤེར་ས་ཚིགས་མེད་པའི་གནས་ཤིག་མེད་ས་མི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག

སྤྱིར་རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་ལུགས་བྱེད་སྒོ་ཁག་ལ་རྒྱུན་གཏན་དམ་དྲགས་བྱེད་བཞིན་པ་ལྟར། འདི་ལོའི་ས་ག་ཟླ་ཚེས་མགོ་ཚུགས་པ་ནས་བཟུང་ལྷ་སའི་བར་སྐོར་དང་གླིང་སྐོར་སོགས་སུ་ཉེན་རྟོག་པའི་ས་ཚིགས་ཇེ་མང་དུ་བཏང་ནས། མི་མང་ཁྲོད་གང་བྱུང་ཞིབ་བཤེར་དང་འདྲི་རྩད་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང་། ཡང་འབྲེལ་ཡོད་བོད་མི་གཞན་དེས་ས་ག་ཟླ་བའི་དུས་ཚེས་དང་བསྟུན་ལྷ་སར་གང་བྱུང་ཞིབ་བཤེར་དམ་དྲགས་དང་། སུན་བཙེར་རིགས་ཤུགས་ཆེར་ཡོད་སྟབས་འདུག་བཟོད་མ་བདེ་བར་གནས་སྐབས་ས་གནས་གཞན་དུ་འགྲོ་དགོས་བྱུང་སོང་སྐོར་བརྗོད་བྱུང་ལ།ཞིབ་བཤེར་ས་ཚིགས་ཁག་ཏུ་མི་མང་འདུ་འཛོམས་ཁྲོད་གང་བྱུང་པར་དང་བརྙན་བླངས་ཏེ། སྤྱི་ཚོགས་དྲ་ལམ་དུ་བརྒྱུད་སྐུར་མི་ཆོག་པའི་བཀོད་ཁྱབ་གཏོང་གི་ཡོད་པ་སོགས་འགྲེལ་བརྗོད་གནང་གི་འདུག

ས་ག་ཟླ་བ་ནི་བོད་ཟླ་༤ཚེས་༡༥ཉིན་ཟླ་བ་དང་མཉམ་དུ་འགྲོགས་པའི་སྐར་མ་ནི་རྒྱུ་སྐར་ཉེར་བརྒྱད་ཀྱི་ནང་ནས་རྒྱུ་སྐར་ས་ག་ཡིན་པའི་ཆ་ནས་བོད་ཟླ་བཞི་པར་ས་ག་ཟླ་བ་ཞེས་འབོད་པ་དང་། སྟོན་པ་ཤཱཀྱ་ཐུབ་པ་སྐུ་བལྟམས་པ་དང་། སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་དུས་ཆེན་ཏེ་དུས་ཆེན་གསུམ་འཛོམས་ཀྱི་ཟླ་བ་ཞེས།ས་ག་ཟླ་བ་ནི་བོད་མི་ཚོར་མཚོན་ན་ལོ་གཅིག་ནང་དགེ་སྐུལ་ལ་འབད་ཐབས་ཀྱི་དུས་ཚིགས་གལ་ཆེན་ཞིག་ཆགས་ཡོད་པ་རེད་ལ། སྐབས་དེར་བོད་ནང་དུ་བོད་མི་ཚོས་དཀར་ཟས་ལོངས་སུ་སྤྱོད་པ་དང་སེམས་ཅན་སྲོག་བླུ་བྱེད་པ། སྨྱུང་གནས་སྲུང་བ། ཕྱག་མཆོད་དང་གནས་མཇལ་བྱེད་པ། དངུལ་དངོས་དང་རྒྱུ་ནོར་སོགས་ཕོན་ཆེན་བཏང་སྟེ་དགེ་བའི་ལས་ཁོ་ནར་འབད་ཐབས་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། བསྟན་འཛིན་དོན་ཡོན། 

དྲ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོན།  
2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org