རྒྱ་གཞུང་གིས་བོད་ཁམས་སེར་ཤུལ་རྫ་དབོན་པོ་ཡུལ་ཚོ་རུ་སྔ་རྗེས་དགེ་འདུན་པ་དྲུག་འཇུ་བཟུང་བྱས་ཡོད་པ།

ཉེ་ཆར་བོད་ཁམས་སེར་ཤུལ་རྫ་དབོན་པོ་ཡུལ་ཚོ་རུ་བོད་དོན་དང་འབྲེལ་བའི་ཡིག་ཆ་གཏོར་འགྲེམས་བྱས་པའི་རྐྱེན་གྱིས་སྔ་རྗེས་དགེ་འདུན་པ་དྲུག་འཇུ་བཟུང་བྱས་པ།

ཉེ་ཆར་རྒྱ་གཞུང་གིས་འཇུ་བཟུང་བྱས་པའི་གྲྭ་བ་དེ་དག་ལ་རྒྱབ་སྐྱོར་ཀྱི་ཡི་གེ་དྲ་ཐོག་ཏུ་བྲིས་པའི་རྐྱེན་གྱིས་སྤྱི་ཚེས་༡༨་ཉིན་རྒྱ་གཞུང་གིས་འཇུ་བཟུང་བྱས་ཡོད་པ། ཁོང་གི་མིང་དང་ལོ་གྲངས་ད་ལྟའི་ཆ་ཤེས་རྟོགས་མེད་པ་རེད། བྱམས་པ་ཡོན་ཏན།

ཟླ་བ་འདིའི་ཚེས་༧་ཉིན་གྱི་མཚན་མོར་དེང་གི་ཟི་ཁྲོན་ཞིང་ཆེན་ཁོངས་སུ་ཡོད་པའི་དཀར་མཛེས་ཁུལ། སེར་ཤུལ་རྫོང་གི་རྫ་སྨད་ཞང་ཁོངས་སུ་གཏོགས་པའི་རྫ་དབོན་པོ་ཡུལ་ཚོའི་རྒྱ་གཞུང་གི་གཞུང་ལས་ཁུངས་ཤིག་གི་ར་སྐོར་ནང་དུ་བོད་རང་བཙན་དོན་དུ་འཐབ་རྩོད་བྱ་དགོས་ཞེས་དྲིལ་བསྒྲགས་ཡིག་ཆ་བརྒྱ་ཕྲག་མང་པོ་གཏོར་འགྲེམས་བྱས་ཡོད་པ་དང་། དེའི་རྗེས་རྒྱ་གཞུང་གི་ཉེན་རྟོག་པས་རྫ་དབོན་པོ་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་གྲྭ་པ་ལོ་ན་༢༠་ཙམ་ལ་སོན་པ་ཀུན་གསལ་དང་། གྲྭ་རྟ་མེ། གྲྭ་བསོད་བཀྲ གྲྭ་ཚུལ་ཁྲིམས་རྣམས་ཡིག་ཆ་གཏོར་འགྲེམས་བྱས་པའི་དོགས་གཞིའི་འོག་རང་ཤག་ནས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་མ་ཟད། ཁོ་ཚོའི་དགེ་རྒན་ཤེར་རྒྱམ་ཡང་སྐབས་དེར་འཛིན་བཟུང་བྱས་ཡོད་སྐོར་རྒྱ་གར་སེར་བྱེས་བྱ་བྲལ་ཁང་ཚན་དབོན་པོ་དགོན་པའི་གྲྭ་བྱམས་པ་ཡོན་ཏན་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་མཁོ་སྤྲོད་གནང་བྱུང་།
ཁོ་ཚོའི་དགེ་རྒན་ཤེར་རྒྱམ་སྤྱི་ཚེས་༡༨་གློད་བཀྲོལ་བཏང་ཡོད་པ་གྲྭ་བྱམས་པ་ཡོན་ཏན་ལགས་ཀྱིས་མུ་མཐུད་དུ་ངོ་སྤྲོད་དང་འབྲེལ། ཡང་སྤྱི་ཚེས་༡༨་ཉིན་གྲྭ་བ་གཞན་ཞིག་དྲ་ཐོག་ཏུ་གོང་ཞུས་གྲྭ་བ་འཇུ་བཟུང་བྱས་པ་ཚོར་རྒྱབ་སྐྱོར་ཀྱི་ཡིག་གེ་བྲིས་པར་བརྟེན་ནས་འཇུ་བཟུང་བྱས་པའི་གནས་ཚུལ་ཀྱང་བྱུང་འདུག
གོང་ཞུས་གྲྭ་བ་རྣམས་ཀྱིས་ངོ་རྒོལ་ལས་འགུལ་གྱི་གནད་དོན་དེ་བྱུང་དགོས་དོན་ནི། རྒྱ་ནག་གཞུང་གིས་འདི་ལོ་དམིགས་བསལ་མདོ་དབུས་ཁམས་གསུམ་ལ་སྤེལ་བཞིན་པའི་ལས་འགུལ་ཏེ། རྒྱ་ནག་གུང་ཁྲན་ཏང་གི་བཀའ་དྲིན་འོག་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་ཕྱིན་པ་ངོས་ཟིན་དགོས་པའི་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་ལྟར་རྫ་དབོན་པོ་ཡུལ་ཚོ་ལའང་རྒྱ་གཞུང་གི་གོང་རིམ་ལས་སྣེ་ཚོ་ལྟ་སྐོར་དུ་ཡོང་བ་དང་སྦྲགས། ཉེ་ཆར་རྒྱ་གཞུང་གིས་གསར་རྒྱག་བྱས་པའི་གྲོང་ཁང་གསར་པའི་ནང་དུ་གནས་སྤོར་བྱས་པའི་འབྲོག་པ་རྣམས་ལ་བཙན་དབང་གིས་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་མར་བླངས་ནས་མའོ་ཙེ་ཏུང་དང་ཞི་ཅིན་ཕིང་གི་ཐང་ག་རྣམས་གཤོམ་དུ་བཅུག་ཡོད་ཅིང་། ཡང་མི་རེ་ཟུང་གིས་གུང་ཁྲན་ཏང་བཀའ་དྲིན་ཆེན་པོ་ཡིན་ཚུལ་དང་། ཏང་གིས་རོགས་སྐྱོར་མང་པོ་བྱས་ཚུལ་སོགས་བཤད་བཅུག་ནས་དྲྭ་ཐོག་ཏུ་བཀྲམ་ནས་ཡུལ་མི་ཕན་ཚུན་ནང་ཁུལ་མི་མཐུན་པ་བཟོས་པ་བཅས་ལ་བརྟེན།གོང་གསལ་གྱི་ལས་འགུལ་དེ་སྤེལ་བ་ཞིག་ཡིན་པ་བརྗོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org