སྐྱེ་རྒུ་མདོ་ཁུལ་དུ་འབྲོག་པ་ཚོའི་རྩྭ་སའི་འཛིན་ཡིག་ཕྱིར་བསྡུ་དང་རྩྭ་ས་གཞུང་བཞེས་གཏོང་གི་ཡོད་འདུག

ད་ལྟའི་ཆར་མཚོ་སྔོན་ཞིང་ཆེན་སྐྱེས་རྒུ་མདོ་ཁུལ་ཁྲིན་ཏུའུ་རྫོང་སོགས་སུ་དེ་སྔ་རྩྭ་སའི་བདག་དབང་ལོ་༥༠་རིང་འབྲོག་པ་ཚོར་ཡོད་སྐོར་བརྗོད་ནས་འགྲེམས་སྤེལ་བྱས་པའི་རྩྭ་སའི་འཛིན་ཡིག་ཅེས་པ་ཕྱིར་བསྡུ་བྱས་བཞིན་པ།

རྒྱ་ནག་གཞུང་གིས་དེ་སྔ་མཚོ་སྔོན་ཞིང་ཆེན་གྱིས་རྩྭ་སའི་འཛིན་ཡིག་ཅེས་པ་འགྲེམས་སྤེལ་བྱས་ཡོད་པ། བོད་འབྱོར།

རྒྱ་ནག་གཞུང་གིས་དེ་སྔ་ཕྱི་ལོ་༢༠༡༦ཙམ་ནས་བཟུང་བོད་ཁུལ་གྱི་འབྲོག་པའི་རྩྭ་ཐང་མང་པོ་ཞིག་རྒྱལ་ཁབ་ལ་བདག་དབང་ཡོད་སྐོར་དང་། དེ་བཞིན་རྩྭ་ཕྱུགས་དོ་མཉམ་དང་སྐྱེས་ཁམས་སྲུང་སྐྱོབ་ཟེར་བའི་ལས་གཞིའི་འོག་འབྲོག་པའི་རྩྭ་ས་གཞུང་བཞེས་དང་བཙན་ཐབས་ཀྱིས་ཕྱུགས་རིགས་ཚོད་འཛིན་སོགས་བྱེད་བཞིན་ཡོད་པ་ལྟར། ད་ལྟའི་ཆར་མཚོ་སྔོན་ཞིང་ཆེན་སྐྱེས་རྒུ་མདོ་ཁུལ་ཁྲིན་ཏུའུ་རྫོང་སོགས་སུ་དེ་སྔ་རྩྭ་སའི་བདག་དབང་ལོ་༥༠་རིང་འབྲོག་པ་ཚོར་ཡོད་སྐོར་བརྗོད་ནས་འགྲེམས་སྤེལ་བྱས་པའི་རྩྭ་སའི་འཛིན་ཡིག་ཅེས་པ་ཕྱིར་བསྡུ་བྱས་ཏེ། ད་ནས་བཟུང་རྩྭ་སའི་བདག་དབང་རྒྱལ་ཁབ་ལ་ཡོད་སྐོར་བརྗོད་ནས་རྩྭ་ས་གཞུང་བཞེས་དང་མི་མང་ལ་བཙན་གྱིས་ས་ཡིག་སོགས་བརྒྱབ་བཅུག་བཞིན་ཡོད་སྐོར། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། དམིགས་བསལ་རྩྭ་ས་ཕྱིར་བསྡུ་བྱ་སའི་ས་གནས་དེ་སྐྱེ་རྒུ་མདོ་ཁྲིན་ཏུའུ་རྫོང་ཁོངས་ཀྱི་འབྲོག་སྡེ་ཁག་ཡིན་པ་དང་། ཐེངས་འདིར་གཙོ་བོ་འབྲོག་པ་ཁ་བྲལ་གཅིག་སྒྲིལ་དང་སྤྱི་སྙོམས་སྟངས་འཛིན་ཟེར་བའི་ལས་གཞིའི་འོག་རྩྭ་ས་གཞུང་བཞེས་གཏོང་གི་ཡོད་པ་དང་། རྩྭ་ས་གཞུང་བཞེས་བཏང་རྗེས་དམིགས་ཡུལ་གཙོ་བོ་འབྲོག་པ་ཚོ་བཙན་གྱིས་གྲོང་ལ་ཕབ་ནས་གཅིག་གྱུར་བཟོ་སྟབས་བདེ་རུ་གཏོང་ཆེད་ཡིན་པ་དང་། སྤྱིར་ན་དེ་སྔ་མཚོ་སྔོན་དང་མགོ་ལོག་སོགས་སུ་རྩྭ་སའི་འཛིན་ཡིག་ཕྱིར་བསྡུའི་ལས་གཞི་ལག་བསྟར་བྱས་ཡོད་པ་དང་། མི་རིང་བར་རྫ་སེར་ཤུལ་གྱི་ས་ཁུལ་ཁག་ནང་ལས་གཞི་དེ་ལག་བསྟར་བྱ་རྒྱུ་ཡིན་པ་གླེང་སློང་བྱེད་བཞིན་འདུག་ལ། ད་ལྟའི་ཆར་རྩྭ་ས་ཕྱིར་བསྡུའི་སྐོར་ནས་ཚོགས་འདུ་སྣ་ཚོགས་འཚོགས་བཞིན་ཡོད་སྐོར་བརྗོད་བྱུང་།

རྒྱ་ནག་གཞུང་གིས་དེ་སྔ་མཚོ་སྔོན་ཞིང་ཆེན་གྱིས་རྩྭ་སའི་འཛིན་ཡིག་ཅེས་པ་འགྲེམས་སྤེལ་བྱས་ཡོད་པའི་ནང་། རྩྭ་ས་འགྱུར་བཅོས་གཏོང་སྐབས་དང་སྲིད་གཞུང་གིས་ཞིབ་བཤེར་སྐབས་འཛིན་ཡིག་སྟོན་དགོས་པ་དང་། དེ་བཞིན་རྩྭ་སའི་འཛིན་ཡིག་དེ་སྤྲད་པ་ནས་ལོ་༥༠རྩྭ་སའི་བདག་དབང་འབྲོག་པ་ཚོར་ལ་ཡོད་པ་བཀོད་ཡོད་པ་དང་། བཙན་བྱོལ་ནང་གནས་སྡོད་མིང་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་ངའི་ཕ་ཡུལ་ལ་ན་ནིང་ལས་ད་ལོ་གནས་ཚུལ་སྡུག་ཤོས་ཤིག་འབྲོག་པའི་རྩྭ་ས་ཕྱིར་བསྡུ་བྱེད་བཞིན་པ་དེ་ཡིན་པ་དང་། དེ་སྔ་རྩྭ་སའི་འཛིན་ཡིག་སྤྲད་པ་དེ་ད་ལྟ་ནུས་མེད་ཆགས་ཡོད་སྐོར་བརྗོད་ནས་ཕྱིར་བསྡུ་བྱེད་བཞིན་པ་དེས། འབྲོག་པ་ཚོའི་འཚོ་གནས་ཐད་དོ་ཕོག་དང་བློ་ཚབས་ཤུགས་ཆེར་ཡོང་གཞིར་གྱུར་ཡོད་སྐོར་བརྗོད་བྱུང་། 
དེ་བཞིན་ཉེ་བའི་ཉིན་ཤས་སྔོན་རྒྱ་ནག་གཞུང་གིས་ཀན་སུའུ་ཞིང་ཆེན་རྒན་གྱའི་རྩེ་དབུས་སྡེ་བ་རུ་འབྲོག་པ་ཚོས་ཕྱུག་རིགས་ཚོད་འཛིན་དགོས་པའི་ལས་གཞི་ཞིག་སྤེལ་བཞིན་པ་དང་འབྲེལ། བོད་མི་ཚོས་འདོད་མོས་མེད་པའི་རྣམ་འགྱུར་བསྟན་སྟབས་བོད་མི་ལྔ་འཛིན་བཟུང་བཀག་ཉར་བྱས་པའི་གནས་ཚུལ་ཐོན་ཡོད་པ་བཞིན། བོད་གནས་ལྟ་ཞིབ་ཁང་གི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། སྤྱིར་རྒྱ་ནག་གཞུང་གིས་ཉེ་བའི་ལོ་ཤས་ནས་ལས་གཞི་འདྲ་མིན་ལ་ཁ་གཡར་ནས་འབྲོག་པའི་རྩྭ་ས་གཞུང་བཞེས་གཏོང་བཞིན་པ་དེ། གཙོ་བོ་བོད་ནང་གི་ཐོན་ཁུངས་བེད་སྤྱོད་གཏོང་ཐབས་དང་། ཕྱོགས་གཞན་ནས་རང་དབང་གིས་གང་སར་འཚོ་གནས་བྱས་ཡོད་པའི་འབྲོག་པ་ཚོ་མཉམ་གཅིག་ཏུ་སྒྲིལ་ནས་སྟངས་འཛིན་སྟབས་བདེ་རུ་གཏོང་ཆེད་ཡིན་སྐོར་བརྗོད་བྱུང་།

རྒྱ་ནག་གཞུང་གིས་དེ་སྔ་འབྲོག་པ་ཚོར་སྤྲད་པའི་རྩྭ་སའི་འཛིན་ཡིག་ཅེས་པའི་ནང་དོན་ཚན་ལྔ་བཀོད་ཡོད་པ་ལས། རྩྭ་སའི་འཛིན་ཡིག་དེ་ནི་རྩྭ་ཐང་བཀོལ་སྤྱོད་དབང་ཆའི་བཅའ་ཁྲིམས་འཛིན་ཡིག་ཡིན་པ་དང་། འཛིན་ཡིག་དེར་རྫོང་དང་རྫོང་རིམ་པ་ཡན་གྱི་མི་མང་སྲིད་གཞུང་དང་ཐོ་འགོད་བྱེད་པའི་ལས་ཁུངས་ནས་ཐམ་ག་བརྒྱབ་རྗེས་ནུས་པ་ཐོན་པ་ཡིན་པ་དང་། འཛིན་ཡིག་དེ་བཞིན་བདག་དམ་བྱེད་པ་ལས་རང་འདོད་ཀྱིས་བསུབ་བཅོས་དང་རྫུན་བཟོ་བསྐྱར་བཅོས་བྱེད་མི་ཆོག་པ་དང་། གལ་ཏེ་བོར་བརླག་བྱུང་ཚེ་འཛིན་ཡིག་གནང་བའི་ལས་ཁུངས་ལ་བསྐྱར་དུ་ཞུས་ནས་འཛིན་ཡིག་ཁ་གསབ་དགོས་སྐོར་དང་། ཡང་འཛིན་ཡིག་ནང་རྩྭ་སའི་བདག་དབང་སྐོར་ནས་རྒྱལ་ཁབ་ཀྱི་འཛུགས་སྐྲུན་དོན་དུ་རྩྭ་ས་སྡུད་སྤྱོད་དང་། འགན་གཙང་ལེན་བྱེད་མཁན་གནས་སྤོར་བ་དང་བདག་ཉར་བྱེད་པའི་ནུས་པ་ཤོར་བ།གཞན་ལ་བརྒྱུད་སྤྲོད་བྱེད་པ། ཕྱིར་སྤྲོད་པ།བུ་ཕྲུག་གི་རྒྱུད་འཛིན་བྱེད་པ་བཅས་ཀྱི་དབང་གིས་རྩྭ་ས་བཀོལ་དབང་འགྱུར་ལྡོག་བྱུང་ཚེ། རྩྭ་ས་འཛིན་ཡིག་བཟུང་ནས་ལས་ཁུངས་སུ་འགྱུར་ལྡོག་ལྡོག་གི་འགྲོ་ལུགས་ལྟར་སྒྱུར་བཅོས་བྱེད་དགོས། རིམ་པ་སོ་སོའི་སྲིད་གཞུང་དང་རྩྭ་ཐང་ལྟ་ཞིབ་དོ་དམ་སྡེ་ཁག་གིས་རྩྭ་བེད་སྤྱོད་གནས་ཚུལ་ཞིབ་དཔྱོད་བྱེད་སྐབས་རང་འགུལ་གྱིས་འཛིན་ཡིག་སྟོན་དགོས་པ། རྩྭ་ས་བཀོལ་སྤྱོད་བྱེད་པའི་དུས་ཡུན་ནི་འཛིན་ཡིག་གནང་བའི་ཉིན་ནས་བཟུང་མ་མཐའ་ལོ་ལྔ་བཅུ་ལ་འཕོ་འགྱུར་མི་བྱེད་ཅེས་བྲིས་ཡོད་པ་རེད།

 

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org