རྒྱ་གཞུང་གིས་དམངས་གཙོ་དོན་གཉེར་བ་ཞིག་བཙོན་འཇུག
ཟླ་བའི་ཉིན་ལྷོ་ནུབ་གའོ་ཀྲའོ་ཞིང་ཆེན་གྱི་ཁྲིམས་ཁང་ཞིག་ནས་ལོ་ན་ལྔ་བཅུ་ང་བདུན་ཡིན་པའི་ཆན་ཤི་ལ་ལོ་ངོ་བཅུའི་ཁྲིམས་ཆད་བཀལ་ཡོད་པ།
-
2011-12-26 -
-
-
༄༅༎རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་འགྲེལ་བརྗོད་བྱེད་པར་ལྟར་ན། ད་རིང་རེས་གཟའ་ཟླ་བའི་ཉིན་ལྷོ་ནུབ་གའོ་ཀྲའོ་ཞིང་ཆེན་གྱི་ཁྲིམས་ཁང་ཞིག་ནས་ལོ་ན་ལྔ་བཅུ་ང་བདུན་ཡིན་པའི་ཆན་ཤི་ལ་ལོ་ངོ་བཅུའི་ཁྲིམས་ཆད་བཀལ་ཡོད་པ་དང་། ཁོང་ནི་དེ་སྔ་ཕྱི་ལོ་ ༡༩༨༩ ལོར་གནམ་བདེ་སྒོ་མོ་ཕྱེའི་ཐང་ཆེན་དུ་སློབ་ཕྲུག་གི་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་པ་དེའི་སྐབས་ལས་འགུལ་སྤེལ་མཁན་གྲས་ཡིན་པ་དང་། ད་རེས་ཁོང་ལ་གཞུང་མགོ་རྟིང་སློག་རྒྱུའི་ཉེན་བྱུས་བཤམས་ནས་ལས་འགུལ་སྤེལ་ཡོད་ལུགས་ཀྱི་ཉེས་བཙུགས་བྱས་པ་དང་། ཁྲིམས་ཁང་ནང་ཁྲིམས་ཐག་བཅད་རྒྱུར་ཆུ་ཚོད་འགའ་ཤས་ལས་འགོར་མེད་པ་རེད། ཡང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་ད་རེས་ཁོང་ལ་ནག་ཉེས་བཙུགས་དགོས་དོན་ནི། ཁོང་གིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་། ཆབ་སྲིད་ཀྱི་བཅོས་བསྒྱུར་གཏོང་དགོས་པའི་རྩོམ་བྲིས་སྤེལ་ཡོད་པའི་རྐྱེན་གྱིས་ཡིན་ལུགས་འགྲེལ་བརྗོད་གནང་འདུག
སྤྱིར་བཏང་སྲིད་དབང་གཅིག་བསྡུས་ཀྱི་རྒྱ་ནག་གཞུང་ནས་རྒྱལ་ཁབ་ནང་དྲ་རྒྱ་དང་། དེ་བཞིན་མིང་འདོན་མ་བྱེད་པའི་ཁ་པར་གཏོང་རེས་བྱེད་པ་བརྒྱུད་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་པ་སོགས་ཀྱི་གཅིག་ལ་གཅིག་བརྒྱུད་བྱེད་ནས་གང་ལྟར་ཨ་རབ་ཡུལ་གྲུའི་ནང་སྒེར་ལངས་བྱུང་བའི་རྗེས་སུ་རྒྱ་ནག་ནང་དུའང་དེ་ལྟར་ཡོང་རྒྱུའི་གུང་བྲན་སྲིད་གཞུང་ལ་ཉེན་ཁ་མཐོང་ཡོད་པའི་དཔྱད་ཞིབ་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་ནས་ཀྱང་མང་གཙོ་དོན་གཉེར་བ་ཚོའི་ཐོག་དམ་དྲག་ཇེ་ཤུགས་ཆེ་རུ་བཏང་ཡོད་པ་རེད། འདས་པའི་རེས་གཟའ་པ་སངས་ཉིན་མང་གཙོ་དོན་གཉེར་བ་ཆན་ ལྦེ་ལ་ལོ་དགུའི་བཙོན་བཅུག་ཉེས་ཆད་བཀལ་ཡོད་པ་རེད། ཧོང་ཀོང་ལ་རྟེན་གཞི་བྱེད་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་མཁས་དབང་སྐུ་ཞབས་ཇོ་ཤ་ལྦ་རོ་སན་ལྦེག་མཆོག་གིས། ད་རེས་ཁོང་རྣམ་གཉིས་ལ་ཉེས་ཆད་བཀལ་སྟངས་དེ་ནི་དུས་ཡུན་ཐུང་ངུ་ཞིག་ནང་ཁྲིམས་ཆད་བཀལ་ཡོད་པར་བལྟས་པ་ཡིན་ན་ཐོག་མ་རང་ནས་ཐག་ཆོད་བྱུང་ཟིན་པ་ཞིག་ཡིན་པ་ལས་ལུགས་མཐུན་གྱི་ཁྲིམས་བཤེར་བྱེད་མེད་པ་གསལ་པོ་རེད་ཅེས་དགོངས་ཚུལ་གསུངས་ཡོད་པ་རེད།།