རྒྱ་ནག་གིས་དུས་ཟིང་སྔོན་འགོག་གི་ལས་དོན་སྤེལ་བཞིན་ཡོད་པ།
རྒྱ་ནག་གིས་ཁ་ཆེ་བའི་སྨྱུང་གནས་ཟླ་བའི་རིང་ས་ཁུལ་ཁ་ཤས་ནང་དུས་ཟིང་སྔོན་འགོག་གི་ལས་དོན་སྤེལ་བཞིན་ཡོད་འདུག
-
2015-06-16 -
-
-
རྒྱ་ནག་གིས་ཁ་ཆེ་བའི་སྨྱུང་གནས་ཟླ་བའི་རིང་ས་ཁུལ་ཁ་ཤས་ནང་དུས་ཟིང་སྔོན་འགོག་གི་ལས་དོན་སྤེལ་བཞིན་ཡོད་འདུག
དེ་ཡང་ཁ་ཆེའི་རཱམ་ཛན་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར་རྒྱ་ནག་གཞུང་གིས་ཤིན་ཅང་ཞེས་འབོད་པ་ཤར་ཏུར་ཀིསི་ཐན་གྱི་ས་ཁུལ་འགའ་ཤས་ཀྱི་ནང་དུས་ཟིང་སྔོན་འགོག་གི་ལས་དོན་སྤེལ་བཞིན་ཡོད་འདུག་ལ། གཞུང་གི་ལས་བྱེད་པ་ཚོས་ཁ་ཆེའི་སྨྱུང་གནས་ཀྱི་དུས་ཡུན་དེའི་རིང་ཁ་ཟས་མི་སྤོང་བའི་ཁས་ལེན་བྱེད་དུ་མཇུག་གི་ཡོད་པ་རོཡེ་ཀྲརསི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
རཱམ་ཛན་ཞེས་ཁ་ཆེའི་སྨྱུང་གནས་ཀྱི་ཟླ་བ་དེ་གཟའ་འཁོར་རྗེས་མ་ནས་འགོ་འཛུགས་གི་ཡོད་ཅིང་། འདས་པའི་ལོ་གསུམ་གྱི་ནང་ཁ་ཆེའི་སྨྱུང་གནས་ཀྱི་དུས་ཡུན་དེའི་ནང་དྲག་སྤྱོད་ཀྱི་ལས་འགུལ་སྣ་ཚོགས་བྱུང་སྟེ་མི་གྲངས་བརྒྱ་ཕྲག་འགའ་ཤས་ཀྱི་ཚེ་སྲོག་ཤོར་བའི་གནས་ཚུལ་བྱུང་ཡོད་པ་རེད།
ཉེ་དུས་ཤིན་ཅང་ནང་རྒྱ་ནག་གི་གཞུང་འབྲེལ་དྲ་རྒྱ་ཁག་གི་ནང་དམར་ཤོག་ཚོགས་པའི་ཚོགས་མི་དང་། གཞུང་གི་ལས་བྱེད་པ། དེ་བཞིན་སློབ་ཕྲུག་དང་དགེ་རྒན་བཅས་ནས་རཱམ་ཛན་སྨྱུང་གནས་ཀྱི་ཁས་ལེན་བྱེད་རྒྱུ་མེད་པའི་དགོས་འདུན་བཏོན་པ་མཐོང་རྒྱུ་ཡོད་འདུག་ཅིང་། སྔ་ལོ་ཡང་རྒྱ་ནག་གཞུང་གིས་ཤིན་ཅང་ནང་དུས་ཚོད་འདིའི་སྐབས་དགོས་འདུན་གཅིག་མཚུངས་བཏོན་ཡོད་པ་རེད། དཔེར་ན་ཀ་ཛཀསི་ཐན་དང་ས་མཚམས་འཁེལ་བ་ཤར་ཏུར་ཀིསི་ཐན་གྱི་ཇིང་ཧ་ཟེར་བའི་རྫོང་གི་ཟས་རིགས་རྟོག་ཞིབ་ཚན་པའི་ལས་བྱེད་པ་ཚོས་ཁུལ་དེའི་ནང་གི་ཟ་ཁང་རཱམ་ཛན་གྱི་དུས་ཡུན་དེའི་རིང་སྒོ་རྒྱབ་རྒྱུ་མེད་པ་དང་། གལ་ཏེ་དེ་ལྟར་བྱེད་ཚེ་གཞུང་ཕྱོགས་ཀྱི་ངོས་ནས་ཟས་རིགས་རྟོག་ཞིབ་ཀྱི་ལས་དོན་ཉུང་དུ་གཏོང་རྒྱུའི་ཁས་ལེན་ཡང་བྱས་ཡོད་འདུག
རམ་ཛན་སྨྱུང་གནས་ཀྱི་དུས་ཡུན་དེའི་རིང་ཁ་ཆེ་ཆོས་བྱེད་པ་ཚོས་ཉི་མ་ཤར་བ་ནས་བཟུང་མ་ནུབ་བར་ཟ་འཐུང་སོགས་གང་ཡང་མི་བྱེད་པའི་བསླབ་པ་སྲུང་གི་ཡོད་པ་རེད།
ཤར་ཏུར་ཀིསི་ཐན་གྱི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེའི་ཆོས་ལུགས་ཀྱི་བྱེད་སྒོའི་ཐད་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བཞིན་པར་མ་ཟད། རཱམ་ཛན་ཆོས་ལུགས་ཀྱི་དུས་ཚོད་དེ་ཆབ་སྲིད་དྲག་གནོན་གྱི་ལག་ཆར་བེད་སྤྱོད་བྱེད་བཞིན་ཡོད་པ་རྒྱ་ནག་གཞུང་ལ་སྐྱོན་འཛུགས་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།