ནུབ་རྒྱུད་གསར་སྤེལ་ནི་བོད་དང་ཡུ་གུར་སོགས་ཀྱི་ནང་རྒྱ་སྒྱུར་སྲིད་བྱུས་སྔར་ལྷག་ལག་བསྟར་ཆེད་ཡིན་པ་རེད་ཅེས། ཉམས་ཞིབ་པ་ཚོས་ངོས་འཛིན་གནང་གི་འདུག

ནུབ་རྒྱུད་གསར་སྤེལ་གྱིས་བོད་དང་ཡུ་གུར། ལྷོ་སོག་སོགས་ཀྱི་ནང་རྒྱ་སྒྱུར་སྲིད་བྱུས་སྔར་ལས་ཆེ་རུ་གཏོང་ཐབས་དང་དམ་དྲག་རང་བཞིན་གྱི་སྲིད་བྱུས་ལག་བསྟར་ལ་དམིགས་ཀྱི་ཡོད་པ་གསུངས་བྱུང་།

རྒྱ་ནག་གི་ནུབ་རྒྱུད་གསར་སྤེལ་ཚོགས་འདུའི་སྐབས་ཞི་ཅིན་ཕིན་གྱིས་གཙོ་སྐྱོང་བྱེད་བཞིན་པ། ༢༠༢༤།༠༤།༢༣ ཉིན། China state media

ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༨ ཚེས་ ༢༣ ཉིན། རྒྱ་ནག་གཞུང་གིས་ནུབ་རྒྱུད་གསར་སྤེལ་ཆེན་མོའི་རྣམ་པ་གསར་པ་ཆགས་པར་སྔར་བས་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ཞེས་པའི་སྐོར་ཚོགས་འདུ་དང་འབྲེལ། རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་ནས་རྒྱ་ནག་གི་དེང་རབས་ཅན་ལ་སྐུལ་འདེད་དང་། ནུབ་རྒྱུད་གསར་སྤེལ་ཆེན་མོའི་རྣམ་པ་གསར་པ་མགྱོགས་མྱུར་གཏོང་དགོས་པའི་གཏམ་བཤད་བྱས་ཡོད་ན་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། ཐེངས་འདིར་རྒྱ་ནག་གཞུང་གིས་ནུབ་རྒྱུད་གསར་སྤེལ་ཆེན་མོ་ཞེས་པ། དེ་སྔ་དང་མི་འདྲ་བར་དཔལ་འབྱོར་ཁོ་ན་མིན་པར་ས་མཚམས་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་བཤད་བཞིན་པ་དེས། རྒྱ་ནག་གི་དཔལ་འབྱོར་ཉམས་ཞན་དང་འབྲེལ་བོད་དང་ཡུ་གུར། ལྷོ་སོག་སོགས་ཀྱི་ནང་རྒྱ་སྒྱུར་སྲིད་བྱུས་སྔར་ལས་ཆེ་རུ་གཏོང་ཐབས་དང་དམ་དྲག་རང་བཞིན་གྱི་སྲིད་བྱུས་ལག་བསྟར་ལ་དམིགས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ནུབ་རྒྱུད་གསར་སྤེལ་གྱི་ཚོགས་འདུའི་སྟེང་ཞི་ཅིན་ཕིན་གྱིས། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། གྲོང་གསེབ་ཀྱི་མི་འབོར་ཁྱོན་ཡོངས་དབུལ་ཕོངས་སུ་མི་འགྱུར་བ་བྱ་དགོས་པ་དང་། རྒྱ་ནག་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱ་དགོས་སོགས་བརྗོད་ཡོད་པ་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Observer Research Foundation) ཉམས་ཞིབ་ལྟེ་གནས་ཁང་གི་རྒྱ་ནག་གི་གནད་དོན་ཐོག་ཉམས་ཞིབ་གནང་མཁན་སྐུ་ཞབས་ (Kalpit Mankikar) ལགས་ནས། རྒྱ་ནག་གཞུང་གིས་ནུབ་རྒྱུད་ས་ཁུལ་ནང་སྤེལ་བཞིན་པའི་ལས་གཞི་དེ་དག་ནི་འཆར་གཞི་ལྡན་པ་ཞིག་ཡིན་ཞིང་། ཡར་རྒྱས་གོང་འཕེལ་ཐད་འགྲོ་སོང་བཏང་བཞིན་པ་ནི་གཙོ་བོ་རྒྱ་ནག་གཞུང་གིས་ས་མཚམས་སྲ་བརྟན་དང་ལྷན། ས་ཁུལ་དེ་དག་ནང་གནས་སྡོད་བྱེད་བཞིན་པའི་མི་རྣམས་རྒྱ་ནག་དང་སྔར་ལས་མཉམ་སྦྲེལ་ཐོག མི་རིགས་ཀྱི་ངོ་བོ་དང་རིག་གཞུང་རྩ་མེད་གཏོང་བའི་སྲིད་བྱུས་ཤིག་ཡིན་ཞེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་གིས་ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་མིང་གཞན་ལ་ནུབ་རྒྱུད་སྒོ་འབྱེད་ཆེན་མོ་ཞེས་པ་དེ། ཕྱི་ལོ་ ༡༩༩༩ ལོ་ནས་འགོ་ཚུགས་ཡོད་ན་ཡང་། ཕྱི་ལོ་ ༢༠༡༩ ལོའི་ཕྱི་ཟླ་ ༣ ནང་བསྐྱར་དུ་ནུབ་རྒྱུད་ས་ཁུལ་དུས་རབས་གསར་པའི་ནང་དུ་ཡར་རྒྱས་གོང་འཕེལ་གཏོང་བའི་ལམ་སྟོན་ཡིག་ཆ་ཞིག་གཏན་འབེབས་དང་འབྲེལ། ཕྱི་ལོ་ ༢༠༣༥ བར་ནུབ་རྒྱུད་ཁུལ་དེ་ཁྱོན་ཡོངས་ནས་ཡར་རྒྱས་ཅན་དུ་འགྱུར་དགོས་སྐོར་བརྗོད་ཡོད་པ་དང་། ཡང་ཟླ་བ་ཚེ་རིང་ལགས་ནས་མུ་མཐུད། དེ་སྔ་རྒྱ་ནག་གིས་ནུབ་རྒྱུད་གསར་སྤེལ་ཞེས་པར་ཁ་གཡར་ནས། བོད་དང་ཡུ་གུར་སོགས་ནས་གཏེར་ཁ་སྔོགས་འདོན་ཤུགས་ཆེར་བྱས་ཏེ། རྒྱ་ནག་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཁག་ཡར་རྒྱས་གཏོང་ཐབས་བྱས་ཡོད་པ་ལས། ནུབ་རྒྱུད་ཁུལ་དུ་ལས་འགུལ་དེའི་ཡར་རྒྱས་ཀྱི་ཕན་འབྲས་མངོན་གསལ་བ་གང་ཡང་བྱུང་མེད་ན་ཡང་། དེང་སྐབས་རྒྱ་ནག་ནང་དཔལ་འབྱོར་ཉམ་ཞེན་དང་འབྲེལ་ནུབ་རྒྱུད་གསར་སྤེལ་བེད་སྤྱད་ནས་རྒྱ་ནག་གིས་འབོད་བཞིན་པའི་གྲངས་ཉུང་མི་རིགས་ཁག་ལ་སྟངས་འཛིན་དབང་སྒྱུར་ཤུགས་ཆེ་རུ་གཏོང་ཐབས་ཡིན་པ་བརྗོད་བྱུང་།

རྒྱ་ནག་གིས་ནུབ་རྒྱུད་གསར་སྤེལ་ཞེས་པའི་ལས་གཞིའི་ནང་བོད་དང་ཡུ་གུར། ལྷོ་སོག་གཙོས་ཁུལ་རིམ་པའི་ས་ཁུལ་ ༡༢ ཚུད་ཀྱི་ཡོད་པ་དང་། མི་འབོར་ཆ་ནས་རྒྱ་ནག་རྒྱལ་ཡོངས་ཀྱི་བརྒྱ་ཆ་ ༢༧ དང་ས་ཆའི་རྒྱ་ཁྱོན་ཆ་ནས་རྒྱ་ནག་གི་ས་ཁྱོན་བརྒྱ་ཆ་ ༧༠ ལྷག་ཟིན་གྱི་ཡོད་པ་མ་ཟད། ཐོན་ཁུངས་ཆ་ནས་རི་ཆུ་ནགས་གསུམ་གཙོས་ས་གཏེར་དང་། རྡོ་སོལ། རང་འབྱུང་རླངས་རྫས་སོགས་ཀྱི་གཏེར་ཁ་ཕུན་སུམ་ཚོགས་པ་ཡོད་པས། རྒྱ་ནག་གཞུང་གིས་ནུབ་ཕྱོགས་ས་ཁུལ་དེ་ཕྱི་ལོ་ ༢༠༣༥ བར་འཛུགས་སྐྲུན་དང་མི་མང་གི་འཚོ་བ། རྒྱལ་ཡོངས་ཐོན་སྐྱེད་སོགས་ཀྱི་ངོས་ནས་རྒྱ་ནག་གི་ཤར་ཕྱོགས་ཀྱི་རྗེས་ཟིན་པ་དགོས་སྐོར་བརྗོད་བཞིན་ཡོད་ན་ཡང་། ཉམས་ཞིབ་པ་ཚོས་ནུབ་རྒྱུད་ཀྱི་ལས་འགུལ་ཟེར་བ་དེ་རྒྱ་ནག་གཞུང་གིས་བོད་གཙོས་མི་འབོར་ཉུང་ཞིང་ས་རྒྱ་ཆེ་བའི་ས་ཁུལ་གྱི་རང་བྱུང་ཐོན་ཁུངས་སྔོགས་འདོན་ཆེད་ཡིན་པར་ངོས་འཛིན་གནང་གི་ཡོད་པ་རེད།

རྒྱ་ནག་གཞུང་འབྲེལ་ཡིག་ཆ་ཁག་ཏུ་ནུབ་རྒྱུད་གསར་སྤེལ་ཆེན་མོ་ནི་དབུས་གཞུང་གིས་བཏོན་པའི་ཆེས་གལ་འགངས་ཆེ་བའི་འཐབ་ཇུས་ཀྱི་སྲིད་ཇུས་ཐག་གཅོད་ཅིག་ཡིན་སྐོར་བརྗོད་ནས་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་མ་ཟད། ཐེངས་འདིའི་ཚོགས་འདུ་གཙོས་འདི་ལོ་གཅིག་པུར་འགོ་ཁྲིད་ཞི་ཅིན་ཕིན་གྱིས་སྣེ་ཁྲིད་འོག་ནུབ་རྒྱུད་གསར་སྤེལ་ཆེད་ཚོགས་འདུ་ཐེངས་གཉིས་ལ་ཚོགས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༤ པའི་ནང་ནུབ་རྒྱུད་གསར་སྤེལ་ཚོགས་འདུ་ཟེར་བ་དང་བསྟུན་ཞི་ཅིན་ཕིན་གྱིས། ནུབ་རྒྱུད་གསར་སྤེལ་གྱིས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་མཐའ་མཚམས་བདེ་འཇགས་སོགས་ཀྱི་གནས་བབ་གལ་ཆེན་བཟུང་ཡོད་པར་བཤད་ཡོད་པ་རེད་ལ། རྒྱ་ནག་གཞུང་གིས་ད་བར་ནུབ་རྒྱུད་གསར་སྤེལ་གྱི་ལས་གཞིའི་ཁྲོད་གཙོ་གཉེར་བྱེད་བཞིན་པའི་ལས་དོན་ཁག་ནི། མེ་འཁོར་ལྕགས་ལམ་དང་གནམ་གྲུའི་འབབ་ཚུགས་འཛུགས་སྐྲུན། གཙང་པོ་ཁག་ཏུ་ཆུ་རག་འཛུགས་སྐྲུན་བྱེད་པ། རོང་འབྲོག་མང་ཚོགས་གནས་སྤོར་དང་ས་ཆ་བདག་བཟུང་སོགས་ཀྱི་ལས་གཞི་སོགས་ཚུད་ཀྱི་ཡོད་པ་རེད།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org