དམག་དོན་རྟོགས་ཞིབ་སྐོར་ལ་རྒྱ་ནག་གིས་ཨ་རིར་དགོས་འདུན།

རྒྱ་གཞུང་གིས་ཨ་རིའི་མཁའ་དམག་གནམ་གྲུས་རྒྱ་ནག་གི་མཚོ་ཐོག་དམག་དོན་རྟོགས་ཞིབ་ལས་དོན་སྤེལ་རྒྱུ་ཉུང་དུ་གཏོང་རྒྱུའི་དགོས་འདུན།

༄༅༎རྒྱ་ནག་གཞུང་གིས་ཨ་རིའི་མཁའ་དམག་གནམ་གྲུས་རྒྱ་ནག་གི་མཚོ་ཐོག་མཁའ་དབྱིངས་སུ་དམག་དོན་རྟོགས་ཞིབ་ལས་དོན་སྤེལ་རྒྱུ་ཉུང་དུ་གཏོང་རྒྱུའི་དགོས་འདུན་བཏོན་ཡོད་པ་རེད།

རྒྱ་ནག་སྲུང་སྐྱོབ་ལས་ཁང་གི་དཔོན་རིགས་ནས་ད་རེས་ཕྱི་ཟླ་བརྒྱད་པའི་ཚེས་ཉི་ཤུ་དྲུག་དང་ཉི་ཤུ་བདུན་ཉིན་གྲངས་གཉིས་རིང་པེ་ཅིང་དུ་ཨ་རི་དང་རྒྱ་ནག་དབར་མཚོ་ཐོག་བདེ་འཇགས་དམིགས་བསལ་ལྷན་ཚོགས་ཚུགས་པའི་སྐབས་གོང་ཞུས་དགོས་འདུན་དེ་བཏོན་ཡོད་པ་དང་རྒྱ་ནག་སྲུང་སྐྱོབ་ལས་ཁང་གིས་ཨ་རིས་རྒྱ་ནག་ལ་དབང་པའི་དཔལ་འབྱོར་ས་གནས་ཁོངས་ཀྱི་མཚོ་ཐོག་མཁའ་དབྱིངས་སུ་རྒྱུན་དུ་ནས་རྟོགས་ཞིབ་ལས་དོན་སྤེལ་གྱི་ཡོད་པ་དེས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཛ་དྲག་ཏུ་གཏོང་གི་ཡོད་པ་དང་གནད་དོན་དེ་ཐག་གཅོད་ཡོང་རྒྱུའི་ཐབས་ལམ་གཙོ་བོ་ནི་ཨ་རི་གཞུང་གིས་རྒྱ་ནག་ལ་རྟོགས་ཞིབ་དང་ཚོད་ལྟ་བྱེད་ཡས་ཀྱི་སྲིད་བྱུས་ལ་འགྱུར་ལྡོག་གཏོང་རྒྱུ་དེ་ཡིན་ལུགས་བརྗོད་ཡོད་པ་རེད། ཡིན་ན་ཡང་ཨ་རིའི་དཔོན་རིགས་ནས་གཟའ་པ་སངས་ཉིན་ཨ་རི་གཞུང་གིས་དམག་གི་ལས་དོན་ཁག་གི་སྲིད་བྱུས་ལ་འགྱུར་ལྡོག་གང་ཡང་མེད་པ་ལན་འདེབས་གནང་ཡོད་པ་རེད། རྒྱ་ནག་གཞུང་གིས་རང་ལ་དབང་པའི་དཔལ་འབྱོར་ས་གནས་ཀྱི་མཚོ་ཐོག་མཁའ་དབྱིངས་སུ་ཕྱི་རྒྱལ་དམག་དཔུང་གིས་རྟོགས་ཞིབ་བྱ་རྒྱུར་བཀག་འགོག་བྱེད་ཡས་ཀྱི་དབང་ཆ་ཡོད་ལུགས་བརྗོད་ཀྱི་ཡོད་པ་དང་ཡིན་ནའི་ཨ་རི་གཞུང་གིས་རྒྱལ་སྤྱིའི་འབྲེལ་ཡོད་ཆིངས་ཡིག་གཞིར་ཟུང་དེ་ལྟར་བྱེད་ཆོག་ལུགས་གསུང་གི་ཡོད་པ་རེད། ཕྱི་ལོ་ཉིས་སྟོང་གཅིག་ལོར་རྒྱ་ནག་གི་དམག་གི་གནམ་གྲུ་ཞིག་ལྷོ་རྒྱ་ནག་རྒྱ་མཚོའི་མཁའ་དབྱིངས་སུ་ཨ་རིའི་གནས་ཚུལ་རྟོགས་ཞིབ་གནམ་གྲུ་ཞིག་དང་རྡུང་ཁ་རྒྱབ་ནས་རྒྱ་ནག་གི་གནམ་གྲུ་གཏོང་མཁན་ཞིག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་རྒྱ་ནག་གིས་དེ་རྗེས་ཨ་རིའི་གནས་ཚུལ་རྟོགས་ཞིབ་གནམ་གྲུ་གཏོང་མཁན་དེའི་ཁ་ལོ་བ་སོགས་པ་ཚོ་དུས་ཚོད་ཐུང་ངུ་ཞིག་བཀག་ཉར་ཡང་བྱས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org