རྒྱ་ནག་གི་བཙོན་དུ་ཡོད་པའི་ཧུའུ་ཅ་ཡི་འཕྲོད་བསྟེན་གནས་སྟངས།
རྒྱ་གཞུང་གིས་བཙོན་བཅུག་བྱས་པའི་ཧུའུ་ཅ་ཡི་འཕྲོད་བསྟེན་གྱི་གནས་སྟངས་ལ་ཐུགས་འཚབ་ཆེན་པོ་ཡོད་པའི་དགོངས་ཚུལ་གསུངས་ཡོད་པ།
-
2008-12-17 -
-
-
༄༅༎རྒྱ་ནག་གཞུང་གིས་བཙོན་བཅུག་བྱས་པའི་རྒྱ་ནག་ནང་ཨེཛ་ནད་གཞི་ཕོག་པའི་ཉམ་ཐག་མི་མང་གི་བདེ་དོན་རྩོད་ལེན་གནང་མཁན་ཧུའུ་ཅ་ཡི་འཕྲོད་བསྟེན་གྱི་གནས་སྟངས་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་གཉིས་ཀྱིས་ཐུགས་འཚབ་ཆེན་པོ་ཡོད་པའི་དགོངས་ཚུལ་གསུངས་ཡོད་པ་རེད།
དེ་ཡང་སྨན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པ་གཉིས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཐའོ་ལ་ཕྱག་བྲིས་ཤིག་ཕུལ་ཏེ་ཕྱག་བྲིས་ནང་རྒྱ་ནག་གིས་བཙོན་བཅུག་བྱས་པའི་ཧུའུ་ཅའི་མཁྲིས་པའི་ནད་གཞིར་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱར་དགོས་པ་དང་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ཇི་ཆགས་ངོ་སྤྲོད་ཀྱི་ཆེད་ཁོང་གི་ལུས་པོའི་ཁྲག་ཚད་བརྟག་དཔྱད་བྱས་པའི་ནང་དོན་ཕྱི་བསྒྲགས་གནང་དགོས་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཧུའུ་ཅ་ལ་འདི་ལོ་ཕྱི་ཟླ་བཞི་པའི་ནང་རྒྱལ་ཁབ་མགོ་རྟིང་སློག་རྒྱུར་ཉེན་སྐུལ་བྱས་པའི་ནག་ཉེས་བཙུགས་ཏེ་ལོ་གསུམ་དང་ཕྱེད་ཀའི་བཙོན་བཅུག་གི་ཉེས་ཆད་བཏང་ཡོད་པ་དང་ཁོང་གི་བཟའ་ཟླ་དང་ན་ཆུང་བུ་མོ་གཉིས་རང་ཁྱིམ་ནང་བཟང་བཙོན་དུ་བཞག་ཡོད་པ་རེད། ཡིན་ནའང་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གཞུང་གི་སྐྱོན་བཙུགས་དེ་དྲང་པོ་ཞིག་ཡིན་པ་ངོས་འཛིན་གནང་གི་མེད་ཅིང་དེ་ལས་ལྡོག་སྟེ་ཡུ་རོབ་མཐུན་ཚོགས་ཀྱིས་ཧུའུ་ཅར་རྒྱ་ནག་ནང་ཨེཛ་ནད་གཞི་ཕོག་པའི་མི་མང་གི་བདེ་དོན་རྩོད་ལེན་གནང་བའི་སྙིང་སྟོབས་བཅས་ལ་བསྔགས་བརྗོད་དང་སྦྲགས་ཕྱི་ལོ་༢༠༠༨ཀྱི་སའ་ཁ་རོལྦ་རང་དབང་གི་བྱ་དགའ་ཞེས་པའི་འཛམ་གླིང་ནང་མཚན་སྙན་ཆེ་བའི་བྱ་དགའ་དེ་ཁོང་ལ་གནང་ཡོད་པ་རེད། འདི་ལོའི་ཕྱི་ཟླ་དགུ་པའི་ནང་ཧུའུ་ཅ་བཙོན་ཁང་ནང་ཐུག་འཕྲད་ཐུབ་པའི་འབྲེལ་ཡོད་མི་སྣ་ཞིག་གིས་གསུངས་ན་རྒྱ་ནག་གཞུང་གིས་ཕྱི་ཟླ་བརྒྱད་པའི་ནང་ཧུའུ་ཅ་བཙོན་པ་གཞན་དང་ཐུག་ས་མེད་པར་ལོགས་སུ་གཅིག་པུར་དོ་དམ་བྱས་ཏེ་བཞག་ཡོད་སྐོར་ངོ་སྤྲོད་གནང་ཡོད་པ་རེད།