སུད་སིར་བོད་མིས་རྒྱ་ནག་སྲིད་བློན་ལ་ངོ་རྒོལ་བྱས་ཡོད་འདུག

རྒྱལ་སྤྱིའི་དཔལ་འབྱོར་ལྷན་ཚོགས་ཐོག་རྒྱ་ནག་གི་སྲིད་བློན་མཉམ་ཞུགས་བྱེད་པར་ཕེབས་སྐབས་སུད་སི་ནང་གི་བོད་མི་ཚོས་ངོ་རྒོལ་བྱས་ཡོད་པ་རེད།

༄༅༎དེ་ཡང་ཌ་ལྦོ་སི་ནང་ལྷན་ཚོགས་གནང་བཞིན་པའི་རྒྱལ་སྤྱིའི་དཔལ་འབྱོར་ལྷན་ཚོགས་ཐོག་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོས་མཉམ་ཞུགས་བྱེད་པར་ཕེབས་སྐབས་སུད་སི་ནང་ཡོད་པའི་བོད་མིའི་ཚོགས་པ་བཞིས་གོ་སྒྲིག་གནང་བའི་ཐོག་བོད་མི་མི་གྲངས་ཉིས་བརྒྱ་ཙམ་གྱིས་ལག་ཏུ་ཕྲེད་དར་སོགས་འཁྱེར་ཏེ་སྲིད་བློན་ལྦེན་ཅ་པའོ་ལ་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུ་དགོས་པ་དང་བོད་ནང་གི་ཆབ་སྲིད་ཀྱི་བཙོན་པ་ཚང་མ་གློད་འགྲོལ་གཏོང་དགོས་པའི་དགོས་འདུན་བཏོན་ཏེ་ངོ་རྒོལ་ཞུས་ཡོད་པ་རེད། དེ་བཞིན་ངོ་རྒོལ་ནང་མཉམ་ཞུགས་གནང་མཁན་བོད་མི་ཞིག་གིས་སྲིད་བློན་ལྦེན་ཅ་པའོ་ནི་རྒྱལ་སྤྱིའི་དཔལ་འབྱོར་ལྷན་ཚོགས་འདི་ལྟ་བུའི་ལྷན་ཚོགས་ཐོག་ཆེ་ཐོངས་ཞུ་འོས་པའི་དབུ་ཁྲིད་ཅིག་མ་རེད་ཅེས་བཤད་བཞག ཡང་ཕེ་རན་སིའི་རྒྱལ་ས་པེ་རི་སི་ནང་རྒྱ་ནག་གི་གཞུང་ཚབ་ཆེན་མོ་རྒྱ་མིའི་ལོ་གསར་གྱི་མཛད་སྒོ་ཞིག་ལ་ཕེབས་པའི་སྐབས་བོད་མི་མི་གྲངས་ལྔ་བཅུ་ཙམ་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་བཅས་ཀྱིས་ས་ལ་ཉལ་ཏེ་འགྲོ་ལམ་བཀག་ནས་ངོ་རྒོལ་ཞུས་འདུག་ལ་མཐའ་མ་ཁོང་སྟག་སྒོ་བརྒྱུད་དེ་ཚོགས་ཁང་ནང་ཕེབས་དགོས་ཆགས་བཞག ངོ་རྒོལ་ཞུ་མཁན་བོད་མི་ཚོས་སྔ་ལོའི་ཕྱི་ཟླ་གསུམ་པའི་དོན་རྐྱེན་རྗེས་འཛིན་བཟུང་བྱས་པའི་བོད་མི་སྟོང་ཕྲག་མང་པོ་དེ་དག་འཕྲལ་དུ་གློད་འགྲོལ་གཏོང་དགོས་པའི་དགོས་འདུན་བཏོན་འདུག་ལ་དགོས་འདུན་ཡིག་ཆ་ཞིག་རྒྱ་ནག་གི་གཞུང་ཚབ་ཆེན་མོར་སྤྲད་ཀྱང་ཁོང་གིས་ལེན་མི་འདུག ངོ་རྒོལ་གྱི་ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་ཕེ་རན་སིའི་མི་རིགས་ཞིག་གིས་ཕེ་རན་སིའི་དབུ་ཁྲིད་ཚོས་རྒྱ་མིའི་ལོ་གསར་གྱི་མཛད་སྒོར་ཕེབས་པ་དེ་ནི་འོས་ཞིང་འཚམས་པ་ཞིག་མ་རེད་ལ་ངའི་བསམ་པར་ངོ་ཚ་དགོས་པ་ཞིག་རེད་བསམ་གྱི་འདུག་ཅེས་གསུང་བཞག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org