རྒྱ་ནག་གི་དམག་གིས་རྒྱ་གར་ལ་དྭགས་ནང་སླར་ཡང་སིམ་འཛུལ།

རྒྱ་ནག་གི་དམག་མི་རྒྱ་གར་བྱང་ཕྱོགས་ལ་དྭགས་ཀྱི་ས་མཚམས་ཁུལ་ནས་སླར་ཡང་སིམ་འཛུལ་བྱས་ནས་འཕྲེད་དར་ཕྱར་ཡོད་འདུག

བོད་ཀྱི་ས་མཚམས་དང་ཐག་ཉེ་བའི་རྒྱ་གར་གྱི་མཐའ་མཚམས་འགག་སྒོ་འབུམ་བླར་འགག་སྒོའི་རྒྱ་གར་གྱི་དམག་མི། AFP

རྒྱ་ནག་གི་དམག་མི་རྒྱ་གར་བྱང་ཕྱོགས་ལ་དྭགས་ཀྱི་ས་མཚམས་ཁུལ་ནས་སླར་ཡང་སིམ་འཛུལ་བྱས་ནས་འཕྲེད་དར་ཕྱར་ཡོད་འདུག
དེ་ཡང་མིང་འདོན་མ་བྱས་པའི་རྒྱ་གར་གྱི་འབྲེལ་ཡོད་ལས་བྱེད་ཅིག་ནས་AFP་གསར་འགྱུར་ལས་ཁང་ལ་འགྲེལ་བརྗོད་བྱས་པ་ལྟར་ན། གཟའ་ཉི་མ་དང་། ཟླ་བའི་ཉིན་ལ་དྭགས་ཀྱི་བྷུར་ཚེ་ཟེར་པའི་ས་མཚམས་ནས་རྒྱ་མིའི་དམག་མིས་སིམ་འཛུལ་གྱིས་ཕྲེད་དར་སྟེང་འདི་རྒྱ་ནག་གི་ས་ཆ་རེད། ཕར་རྒྱུགས་ཟེར་པའི་ཚིག་བརྗོད་འཁོད་པ་དེ་འདྲ་བཞག་ཡོད་འདུག རྒྱ་གར་གྱི་དམག་དོན་ཚན་པའི་མགྲིན་ཚབ་པ་དམག་སྤྱི་Colonel S D Goswami གྱིས་གནས་ཚུལ་འདི་བདེན་པ་ཡིན་མིན་དམིགས་བསལ་གསལ་ཁ་གང་ཡང་བཏོན་གནང་མེད་པ་རེད། ཡིན་ནའང་འབྲེལ་ཡོད་ལས་བྱེད་མང་པོ་ཞིག་གིས་སིམ་འཛུལ་བྱས་པའི་གནས་ཚུལ་བྱུང་ཡོད་པ་དངོས་འབྲེལ་ཡིན་པའི་འགྲེལ་བརྗོད་གནང་ཡོད་པ་་བཅས་གང་ལྟར་འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གི་བཅིངས་གྲོལ་དམག་མིས་རྒྱ་གར་གྱི་བྱང་ཤར་ས་མཚམས་ཁུལ་ནས་སིམ་འཛུལ་དང་རྒྱ་གར་གྱི་དམག་མིར་སྡིག་ར་དང་བསུན་གཙེར་བཟོས་པའི་གནས་ཚུལ་བྱུང་བཞིན་ཡོད་པ་རེད་ལ་ལོ་འདིའི་ཕྱི་ཟླ་བཞི་པའི་ནང་དུའང་ལ་དྭགས་ཀྱི་ས་མཚམས་ཁུལ་ནས་རྒྱ་མིའི་དམག་མིས་སིམ་འཛུལ་བྱས་པའི་གནས་ཚུལ་བྱུང་བ་དང་། མཐའ་མ་ཕྱོགས་གཉིས་ཀའི་དམག་དཔོན་དབར་གྲོས་མོལ་གྱི་འདུམ་འགྲིགས་བྱུང་ནས་དཀའ་རྙོག་སེལ་ཐུབ་པ་བྱུང་ཡོད་པ་རེད།
རྒྱ་གར་དང་རྒྱ་ནག་གཉིས་དབར་དེ་སྔ་ཕྱི་ལོ་ ༡༩༦༢ ལོར་དམག་འཁྲུག་བྱུང་བའི་རྗེས་སུ་རྒྱས་བཅད་ས་མཚམས་བཟོས་ཡོད་ཀྱང་ས་ཆའི་བདག་དབང་ཐོག་ཕྱོགས་གཉིས་དབར་ཡང་སེ་རྙོག་དྲ་ཡོང་གི་ཡོད་པ་དང་། ས་མཚམས་སྐོར་ད་བར་གྲོས་མོལ་ཐེངས་མང་པོ་བྱས་ཀྱང་ དམིགས་བསལ་དོན་འབྲས་སོན་པ་ཞིག་བྱུང་མེད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org