རྒྱ་ནག་ཏུ་མི་རིགས་གཅིག་གྱུར་གྱི་ལྟ་གྲུབ་སློབ་འཁྲིད་བྱ་རྒྱུ།

རྒྱ་ནག་ཤེས་ཡོན་ལྷན་ཚོགས་ཀྱི་ངོས་ནས་གཞི་རིམ་སློབ་གྲྭ་ཁག་ནས་འགོ་བཙུགས་སྟེ་མི་རིགས་འདྲ་མིན་གཅིག་གྱུར་གྱི་ལྟ་གྲུབ་སྐོར་སློབ་འཁྲིད་བྱ་རྒྱུ།

༄༅༎འདི་ལོ་རྒྱ་ནག་ཏུ་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚུགས་སྐབས་དང་མ་ཚུགས་སྔོན་བོད་ནང་ངོ་རྒོལ་སྒེར་ལངས་ཀྱི་དུས་ཟིང་བྱུང་བ་དང་རྒྱ་ནག་གིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀིསི་ཐན་ནང་དྲག་ཟིང་སོགས་ཀྱི་དོན་རྐྱེན་བྱུང་རྗེས་ད་ཆ་རྒྱ་ནག་ཤེས་ཡོན་ལྷན་ཚོགས་ཀྱི་ངོས་ནས་གཞི་རིམ་སློབ་གྲྭ་ཁག་ནས་འགོ་བཙུགས་སྟེ་མི་རིགས་འདྲ་མིན་གཅིག་གྱུར་གྱི་ལྟ་གྲུབ་སྐོར་སློབ་འཁྲིད་བྱ་རྒྱུ་ཡིན་འདུག

རྒྱ་ནག་པེ་ཅིང་གཞུང་གི་ཤེས་ཡོན་སྲིད་བྱུས་གསར་པ་འདི་གཏན་འབེབས་བྱས་པ་དེ་ནས་བོད་ཐེ་བས་རྒྱ་ནག་གཞུང་གི་མངའ་འོག་ཡོད་པའི་གྲངས་ཉུང་མི་རིགས་ཚོས་རྒྱ་ནག་གུང་གྲན་ཏང་གིས་ཁོང་ཚོའི་ཐོག་བཟུང་བའི་སྲིད་བྱུས་ལ་མི་དགའ་བ་ཡོད་པ་དང་ཕྱི་ཕྱོགས་ནས་ཀྱང་སྐྱོན་བརྗོད་ཡོང་གཞི་གཙོ་བོ་ཞིག་ཆགས་པའི་གནད་དོན་ཐད་རྒྱ་ནག་གཞུང་གིས་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་གསལ་པོར་མཚོན་པ་ཞིག་ཡིན་ལུགས་གནད་དོན་དབྱེ་ཞིབ་པ་ཚོས་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།

རྒྱ་ནག་ཤེས་ཡོན་ལྷན་ཁང་གི་གཞུང་འབྲེལ་དྲ་རྒྱའི་ཐོག་ནས་གནས་ཚུལ་བཀོད་པར་གཞིགས་ན་མི་རིགས་གཅིག་གྱུར་གྱི་སློབ་ཚན་གཞི་རིམ་སློབ་གྲྭ་ཆུང་བ་ནས་སློབ་འཁྲིད་བྱ་རྒྱུ་འགོ་བཙུགས་སྟེ་སློབ་གྲྭ་ཆེ་བའི་སློབ་ཕྲུག་ཚོར་ལོ་གཅིག་གི་ནང་མི་རིགས་གཅིག་གྱུར་གྱི་ལྟ་གྲུབ་ཐོག་ཉུང་མཐར་ཆུ་ཚོད་བཅུ་བཞི་སློབ་འཁྲིད་བྱ་རྒྱུ་ཡིན་འདུག་ཅིང་དེའི་དམིགས་ཡུལ་གཙོ་བོ་ནི་སློབ་ཕྲུག་ཚོས་རྒྱ་ནག་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པས་གྲངས་ཉུང་མི་རིགས་ཐོག་བཟུང་བའི་སྲིད་བྱུས་ངོས་འཛིན་དང་གོ་རྟོགས་སྤེལ་ཆེད་ཡིན་པ་འགྲེལ་བརྗོད་བྱས་འདུག

ད་དུང་རྒྱ་ནག་ཤེས་ཡོན་ལྷན་ཁང་གི་དྲ་རྒྱའི་ཐོག་སྲིད་བྱུས་གསར་པ་དེའི་སྙིང་བསྡུས་ཞིག་བཀོད་སྤེལ་བྱས་ཡོད་པ་དེའི་ནང་གཞི་རིམ་སློབ་གྲྭའི་སློབ་མ་ཚོས་མི་རིགས་འདྲ་མིན་གཅིག་གྱུར་གལ་ཆེ་ཡིན་པ་དང་རྒྱལ་ཁབ་གོང་བུ་གཅིག་གྱུར་སྲུང་སྐྱོབ་དང་མི་རིགས་ཁ་བྲལ་རིང་ལུགས་ལ་ངོ་རྒོལ་དགོས་རྒྱུའི་གཞི་རྩའི་ལྟ་གྲུབ་ཁག་ངེས་པར་སྦྱང་བརྩོན་དགོས་རྒྱུ་བརྗོད་འདུག

རྒྱ་ནག་ནང་མི་རིགས་ལྔ་བཅུ་ང་དྲུག་ཡོད་པ་ནས་རྒྱ་ཧན་མི་རིགས་ནི་ཡུལ་མིའི་རྩ་འབོར་གྱི་བརྒྱ་ཆ་དགུ་བཅུ་ཙམ་ཟིན་གྱི་ཡོད་པ་དང་གནས་སྟངས་འདིའི་འོག་གྲངས་ཉུང་མི་རིགས་ཚོའི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང།སྐད་ཡིག།ཡུལ་གོམས་པའི་སྲོལ་ལུགས་སོགས་མི་རིགས་སོ་སོའི་ངོ་བོ་ཡོངས་སུ་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད་པར་བོད་མི་ཐེ་བས་གྲངས་ཉུང་མི་རིགས་ཚོས་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org