རྒྱ་ནག་གིས་མཁྲེགས་འཛིན་གྱི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས།
རྒྱ་ནག་གཞུང་ཕྱོགས་ནས་མཁྲེགས་འཛིན་གྱི་སྲིད་བྱུས་དེར་འགྱུར་བ་གཏོང་དགོས་པ་སྲིད་སྐྱོང་མཆོག་གིས་སྐུལ་འདེད་གནང་འདུག
-
2014-12-10 -
-
-
རྒྱ་ནག་གཞུང་ཕྱོགས་ནས་མཁྲེགས་འཛིན་གྱི་སྲིད་བྱུས་དེར་འགྱུར་བ་གཏོང་དགོས་པ་སྲིད་སྐྱོང་མཆོག་གིས་སྐུལ་འདེད་གནང་འདུག
དེ་ཡང་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་འཛམ་གླིང་གི་ས་གནས་གང་ཞིག་ལའང་མ་དྲང་བའི་གནས་ཚུལ་དེ་མཚམས་འཇོག་མ་བྱུང་བར་མངའ་ཐང་རྒྱས་པའི་མང་གཙོའི་ལུགས་དངོས་འབྲེལ་ཞིག་ཡོང་ཐབས་མེད་སྐོར་དང་། རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་གི་དྲག་གནོན་ཅན་དང་གནས་སྟངས་ཇེ་ཞན་དུ་འགྲོ་བའི་གནས་སྟངས་ཏེ་མཚམས་འཇོག་ཡོང་རྒྱུར་མཁྲེགས་འཛིན་གྱི་སྲིད་བྱུས་དེར་འགྱུར་བ་གཏོང་དགོས་པ་དང་། བོད་མིའི་དགོས་འདུན་ཁག་ལ་གུས་བཀུར་ཞུ་དགོས་སྐོར་གསུངས་འདུག ཡང་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་འདས་པའི་ལོ་ངོ་༢༥རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་དགོངས་གཞི་ཁག་ལྷག་བསམ་རྣམ་དག་ཐོག་མཛད་འཕྲིན་སྐྱོངས་བ་མ་ཟད། མགོན་པོ་གང་ཉིད་ནི་འཛམ་གླིང་ནང་གི་མི་མང་ས་ཡ་མང་པོར་ཞི་བདེའི་དེད་དཔོན་དང་། འཚེ་མེད་ཞི་བ། བྱམས་བརྩེའི་བདག་ཉིད་མཚོན་ཐུབ་པ་གནང་ཡོད་ཅེས་གསུངས་འདུག དེ་བཞིན་བློ་བཟང་སེང་གེ་ལགས་ཀྱི་གསུངས་བཤད་དེའི་ནང་ཕྱི་ཚེས་༡༠ཏེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཞུ་གི་ཡོད་ནའང་འདས་པའི་ལོ་ངོ་༦༦རིང་རྒྱ་ནག་གཞུང་ཕྱོགས་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འབྲུ་དོན་ཁག་ལ་སྲུང་བརྩི་ཞུ་རྒྱུ་བལྟ་ཞོག་དེའི་འབྲུ་དོན་ཁག་བརྡལ་བཤིག་གཏོང་བ་མ་ཟད། བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྐོར་དང་། བོད་དེ་རྒྱ་ནག་གིས་བཙན་བཟུང་ངང་མུ་མཐུད་གནས་ཡོད་པ་དང་བོད་མི་རྣམས་ལ་སྲིད་དོན་གྱི་དྲག་གནོན་དང་དཔལ་འབྱོར་དབྱེ་བྱེད། སྤྱི་ཚོགས་འཐེན་འཁྱེར། ཁོར་ཡུག་གཏོར་བཤིགས་དང་རྒྱ་ནག་ཧན་མི་རིགས་ཀྱི་རིག་གཞུང་ནང་སིམ་བཅུག་རྒྱུའི་སྲིད་བྱུས་སོགས་སྤེལ་ནས་འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་ནང་བོད་མི་གྲངས་ལས་འདས་པར་དུས་མིན་རྐྱེན་འདས་སུ་བཏང་ཡོད་སྐོར་སོགས་སྲིད་སྐྱོངས་བློ་བཟང་སེང་གེ་ལགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ནས་ལོ་ངོ་ ༢༥ འཁོར་བའི་དུས་དྲན་གྱི་གསུངས་བཤད་ནང་བཀོད་འདུག
གསར་འགོད་པ་ལྷུན་གྲུབ་ཚེ་རིང་།