མཚོ་སྔོན་ཞིང་ཆེན་ཁུལ་ཕྱི་ཟླ་ ༣ ཚེས་ ༡ ནས་བཟུང་དྲ་ཐོག་གི་ཆོས་ལུགས་དང་འབྲེལ་བའི་ཚོགས་པ་ཁག་ཡོངས་རྫོགས་མེད་པ་བཟོ་རྒྱུའི་སྔོན་བརྡ་བཏང་འདུག
རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་ཁུལ་ཕྱི་ཟླ་ ༣ ཚེས་ ༡ ནས་བཟུང་དྲ་ཐོག་གི་ཆོས་ལུགས་དང་འབྲེལ་བའི་ཚོགས་པ་ཁག་ཡོངས་རྫོགས་མེད་པ་བཟོ་རྒྱུའི་སྔོན་བརྡ་བཏང་འདུག
- 2022-01-21
-
-
-
རྒྱ་ནག་གཞུང་གིས་འདི་ལོ་ཕྱི་ཟླ་ ༣ ཚེས་ ༡ ནས་བཟུང་དྲ་ཐོག་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་རྒྱུའི་ཐོག་དམ་དྲག་གི་ཁྲིམས་གཞི་ལག་བསྟར་བྱེད་རྒྱུ་ཡིན་པ་རྒྱ་ནག་གཞུང་འབྲེལ་གྱིས་འདི་ལོ་ཕྱི་ཟླ་༣པའི་ཚེས་༡ནས་བཟུང་མཚོ་སྔོན་ཞིང་ཆེན་ནང་རྒྱ་ནག་དབུས་དང་། ཞིང་ཆེན་སྤྱི་བདེ་ལས་ཁུངས་མཉམ་འབྲེལ་གྱིས་གསང་བའི་ངང་དྲ་ཐོག་ཞིབ་བཤེར་འགོ་འཛུགས་ཀྱིས་སྤྱི་ཚོགས་དྲ་ལམ་ཐོག་ཆོས་ལུགས་དང་འབྲེལ་བའི་ཚོགས་པ་བཙུགས་པ་དང་། ཆོས་ཀྱི་བྱེད་སྒོ་སྤེལ་བཞིན་པ་ཡོངས་རྫོགས་མེད་པ་བཟོ་རྒྱུའི་འཆར་གཞི་ཡོད་འདུག
དེ་ཡང་ཕྱི་ཟླ་ ༡ ཚེས་ ༢༡ ཉིན་བོད་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱུང་བ་དང་དེ་མིན་གནས་ཚུལ་རྒྱུས་ལོན་ཐུབ་པར་གཞིགས་ན། ཕྱི་ཟླ་ ༡ ཚེས་ ༢༠ ཉིན་མཚོ་སྔོན་ཞིང་ཆེན་ནང་ཡོད་པ་ཞིང་ཆེན་སྲིད་གཞུང་གི་ངོས་འཛིན་ཡོད་པའི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་ཤིག་གི་ཚོགས་མིར་མཚོ་སྔོན་ཞིང་ཆེན་གྱི་དཔོན་རིགས་ཤིག་གིས་སྔོན་བརྡའི་ཚུལ་དུ་ཁ་པར་ཐོག་སྐད་ཆ་ཞིག་བཤད་འདུག་པ་དེིའི་ནང་། ཕྱི་ཟླ་ ༣ ཚེས་ ༡ ནས་བཟུང་རྒྱ་ནག་དབུས་གཞུང་དང་ཞིང་ཆེན། དེ་བཞིན་རྫོང་རིམ་པའི་སྤྱི་བདེ་ལས་ཁུངས་ཁག་གིས་དྲ་ཐོག་ཆོས་ལུགས་དང་འབྲེལ་བའི་ཚོགས་པ་བཙུགས་པ་ཁག་དང་། དེ་དག་གི་ནང་ཆོས་ཀྱི་བྱེད་སྒོ་སྤེལ་མིན་ཞིབ་གཤེར་བྱེད་ནས་དེ་དག་ཡོངས་རྫོགས་མེད་པ་བཟོ་རྒྱུ་ཡིན་པ་བརྗོད་འདུག་པར་མ་ཟད། ད་དུང་མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པ་དེས། ཚོགས་པ་ཁག་དང་མི་སྒེར་སུ་རུང་ནས་དྲ་ཐོག་དེ་རིགས་ཀྱི་ཚོགས་པ་བཙུགས་པ་དང་། དེ་བཞིན་དྲ་ཐོག་ཆོས་ལུགས་དང་འབྲེལ་བའི་ལས་འགུལ་སྤེལ་བའི་གནས་ཚུལ་ཡོད་པ་ཤེས་རྟོགས་བྱུང་ཚེ་གཞུང་ཕྱོགས་ནས་དེར་ནག་ཉེས་ཚབས་ཆེར་ལ་ངོས་འཛིན་གྱིས་ཁྲིམས་ཆད་ཀྱང་ཕོག་སྲིད་པའི་ཉེན་བརྡ་བཏང་འདུག
བོད་ཀྱི་ས་ཁུལ་མང་པོའི་ནང་སྤྱི་ཚོགས་ཀྱི་ཆོས་ལུགས་བྱེད་སྒོ་དང་འབྲེལ་བའི་དྲ་ཐོག་གི་ཚོགས་པ་མང་དག་ཅིག་བཙུགས་ཡོད་ལ། དེ་དག་གི་ལས་དོན་མང་ཆེ་བ་ནི་དུད་འགྲོ་སེམས་ཅན་སྲོག་བླུ་ཚེ་ཐར་བཏང་བ་དང་། གནས་མཇལ་དུ་བསྐྱོད་པ། ཚེས་བཟང་དུས་བཟང་ཁག་ལ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་རྒྱུར་སྐུལ་མ་གཏོང་བ། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་སྲུང་བ་དང་དམར་གསོད་སྤོང་བའི་སྐུལ་མ་བྱེད་པའི་རྒྱུད་ལམ་ལྟ་བུར་བེད་སྤྱོད་བྱེད་བཞིན་ཡོད་པ་རེད།
ཁ་སང་ཕྱི་ཟླ་ ༡ ཚེས་ ༢༠ ཉིན་མཚོ་སྔོན་ཞིང་ཆེན་ནང་ཡོད་པའི་བོད་མིའི་ཚོགས་པ་ཆེ་ཤོས་དེའི་ནང་ཁ་པར་ཐོག་སྔོན་བརྡ་བཏང་མཁན་གྱི་ཞིང་ཆེན་གྱི་དཔོན་རིགས་དེས། བོད་སྐད་ནང་། ཚོགས་པ་འདིའི་ཚོགས་མིའི་སྒེར་གྱི་མིང་ཐོག་བཟང་སྤྱོད་ཚོགས་པ་དང་། གུ་རུ་སིདྔྷི་ཚོགས་པ། མ་ཎི་ཚོགས་པ་སོགས་ཀྱི་ཆོས་ལུགས་དང་འབྲེལ་བའི་བྱེད་སྒོ་གང་ཡོད་འཕྲལ་དུ་མེད་པ་བཟོ་དགོས་པའི་སྐུལ་བྱས་འདུག
ས་གནས་ཀྱི་གནས་ཚུལ་མཁོ་སྤྲོད་པ་དང་ཚོགས་པ་དེའི་ཚོགས་མི་ཚོའི་བདེ་འཇགས་སྲུང་སྐྱོབ་བྱེད་ཆེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གོང་བརྗོད་མཚོ་སྔོན་ཞིང་ཆེན་ནང་གི་ཚོགས་པ་དེའི་མིང་དངོས་སུ་བརྗོད་མེད།
ད་དུང་ཕྱི་ཚེས་ ༢༠ ཉིན་ཁ་པར་ཐོག་སྔོན་བརྡ་བཏང་མཁན་མཚོ་སྔོན་ཞིང་ཆེན་གྱི་དཔོན་རིགས་དེས། ཕྱི་ཟླ་ ༣ ཚེས་ ༡ ནས་འགོ་འཛུགས་རྒྱུའི་དྲ་ཐོག་ཞིབ་བཤེར་བྱེད་མཁན་གྱི་མི་སྣ་དེ་དག་སྐྱེས་ཕོ་མོ་དང་ཁ་ལོ་བ། གཞུང་ཞབས་པ་སོགས་སུ་ཡིན་གསལ་ཆ་མེད་པར་གསང་བའི་ཐོག་དྲ་ཐོག་འཛུལ་ནས་ཞིབ་བཤེར་བྱེད་རྒྱུ་དང་རྩད་ཞིབ་ཀྱི་ནག་ཉེས་ལྕི་ཡང་ལ་གཞིགས་ཏེ་ཁྲིམས་ཆད་གཅོད་རྒྱུ་ཡིན་པའི་སྔོན་བརྡ་བཏང་འདུག འོན་ཀྱང་སྔོན་བརྡ་བཏང་མཁན་གྱི་ལས་བྱེད་པ་དེས། དགོན་པ་གྲྭ་ཚང་ཁག་གི་ཆོས་ལུགས་ཀྱི་བྱེད་སྒོ་མ་གཏོགས་དྲ་ལམ་སོགས་ཀྱི་ཆོས་སྤེལ་བྱེད་སྒོ་ཡོངས་རྫོགས་གཏན་འགོག་བྱེད་རྒྱུའི་འཆར་གཞི་ཡོད་པ་ཡང་བརྗོད་འདུག
ཨ་རིར་གནས་བཞུགས་བོད་རྒྱའི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲིས་ལགས་ཀྱིས། རྒྱ་ནག་ཁྱོན་ཡོངས་ཀྱི་ནང་དྲ་ཐོག་ཆོས་ལུགས་དང་འབྲེལ་བའི་བྱེད་སྒོ་མང་ཤོས་སྤེལ་མཁན་ནི་བོད་རིགས་ཡིན་པར་བརྟེན་རྒྱ་ནག་གི་སྲིད་བྱུས་འདི་ནི་བོད་པར་ཆེད་མངགས་དམིགས་ནས་བཟོས་པ་ཞིག་ཡིན་པར་ངོས་འཛིན་གནང་གི་འདུག་ལ། རྒྱ་ནག་རྒྱལ་ཁབ་ཆོས་ལུགས་ལས་དོན་ཚན་པས་ཕྱི་ཟླ་ ༡༢ ཚེས་ ༣ ཉིན་བཀའ་རྒྱ་ཨང་ ༡༧ ཟེར་བ་དྲ་ཐོག་ཆོས་ལུགས་དམ་དྲག་གི་སྲིད་བྱུས་དྲིལ་བསྒྲགས་བྱས་པ་དེ་ཡང་དམིགས་ཡུལ་གཙོ་བོ་བོད་པ་ཐེ་བའི་གྲངས་ཉུང་མི་རིགས་ཁག་གི་ཆོས་དད་དང་འབྲེལ་བའི་བྱེད་སྒོར་སྟངས་འཛིན་བྱེད་རྒྱུར་དམིགས་ཡོད་པ་འགྲེལ་བརྗོད་གནང་བྱུང་།།
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག