རྒྱ་ནག་གཞུང་གིས་ལྷ་ས་གྲོང་ཁྱེར་ནང་དམག་སྦྱོང་དང་འབྲེལ་བའི་མཁའ་ཟོན་ཉེན་བརྡ་ཚོད་ལྟ་བྱ་རྒྱུ།
བོད་ཀྱི་རྒྱལ་ས་ལྷ་སར་ཚེས་ ༡༩ ཉིན་མཁའ་ཟོན་གྱི་ཉེན་བརྡའི་ཚོད་བལྟ་བྱ་རྒྱུའི་ནང་མི་དམངས་མཉམ་བཞུགས་བྱེད་དགོས་པ་བརྗོད་འདུག
-
2020-09-18 -
-
-
Your browser doesn’t support HTML5 audio
༄༅།།རྒྱ་གར་དང་རྒྱ་ནག་དབར་ས་མཚམས་རྩོད་རྙོག་ཡོད་མུས་ཀྱི་་སྐབས་འདིར་རྒྱ་ནག་གཞུང་གི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ལྷ་ས་གྲོང་ཁྱེར་གྱི་ཡུལ་མི་རྣམས་ཀྱི་རྒྱལ་སྲུང་དང་མཁའ་ཟོན་གྱི་འདུ་ཤེས་གོང་མཐོར་གཏོང་ཆེད་ཕྱི་ཟླ་ ༩ ཚེས་ ༡༩ ཉིན་མཁའ་ཟོན་གྱི་ཉེན་བརྡ་གཏོང་རྒྱུའི་ཚོད་ལྟ་བྱེད་རྒྱུ་ཡིན་པ་གསལ་བསྒྲགས་བྱས་འདུག
གསལ་བསྒྲགས་དེའི་ནང་ཚོད་ལྟའི་སྦྱོང་དར་གྱི་སྐབས་སྒྲ་དང་བརྡ་རྟགས་མི་འདྲ་བ་དེ་དག་ལ་ནན་ཏན་གྱིས་ཉན་པ་དང་།དབྱེ་བ་གསལ་པོ་ངེས་དགོས་པ་སོགས་འཁོད་ཡོད་ཅིང་།རྒྱ་གར་གྱི་དམག་དཔོན་ཟུར་པ་དང་བཅོས་མའི་འཁོར་སྐར་གྱི་ཐོག་ནས་ས་གཤིས་བརྟག་དཔྱད་པ་ཝི་ནཱ་ཡཀ་བྷ་ཊི་ལགས་ཀྱིས་རྒྱ་ནག་གཞུང་གིས་ལོ་ལྟར་ཕྱི་ཟླ་དགུ་བའི་ནང་རྒྱལ་སྲུང་གི་གོ་རྟོགས་གོང་སྤེལ་ཆེད་མཁའ་དམག་སྦྱོང་བརྡར་བྱེད་བཞིན་པ་དང་། ཕྱི་ལོ་༢༠༠༩ལོར་ལྷ་སའི་ནང་འདི་ལྟ་བུའི་དམག་སྦྱོང་བྱས་ཡོད། འདི་ལྟ་བུའི་སྦྱོང་བརྡར་འདིས་མང་ཚོགས་དངངས་སྐྲག་ལངས་སུ་བཅུག་ཡོད་ཁར་རྒྱ་ནག་གཞུང་གིས་ས་མཚམས་ཁག་ཏུ་གནམ་ཐང་གསར་རྒྱག་གིས་དམག་སྦྱོང་བྱེད་བཞིན་པ་ནི་དཔུང་ངོམས་དང་བོད་མི་ཚོར་འཇིགས་སྣང་སྐུལ་ཆེད་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
ཁོང་གིས། རྒྱ་ནག་གཞུང་གིས་སྤྱང་གྲུང་དོད་པོའི་སྒོ་ནས་མཐའ་མཚམས་ས་ཁུལ་ཁག་གི་གནམ་ཐང་ཚང་མ་མི་སེར་འགྲུལ་བཞུད་དང་དམག་སྦྱོང་གཉིས་ཀའི་ཆེད་བེད་སྤྱོད་གཏོང་བཞིན་པ་མ་ཟད་ཁོང་ཚོས་ལྷ་ས་ཁུལ་དུ་བྱ་འགུལ་ཇེ་མང་དུ་གཏོང་གི་ཡོད་ཐོག གོང་དཀར་གནམ་ཐང་རྒྱ་བསྐྱེད་དང་འབྲེལ་དེ་གར་གནམ་ཐང་གསུམ་པ་ཞིག་ཀྱང་བསྐྲུན་བཞིན་ཡོད་པ་གསལ་བཤད་གནང་ཡོད་པ་རེད།
ཡང་བོད་མིའི་སྒྲིག་འཛུགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། རྒྱ་གར་དང་རྒྱ་ནག་བར་ས་མཚམས་གདོང་ཐུག་གི་གནས་ཚུལ་བསྟུད་མར་འབྱུང་བཞིན་པའི་སྐབས་འདིར། རྒྱ་གར་གྱིས་ཡར་ཐོན་ཅན་གྱི་གནམ་གྲུ་ལྔ་ཧྥ་རན་སི་ནས་ཉོས་ཏེ།ས་མཚམས་ཁག་ཏུ་འགྲེམས་འཇོག་བྱས་པ་སོགས་ལ་རྒྱ་ནག་གི་ངོས་ནས་མཁའ་ཟོན་བྱས་པར་མཐོང་གི་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
ཁོང་གིས་མཁའ་ཟོན་སྦྱོང་བརྡར་རིགས་ནི་སྔོན་འགོག་གི་ཆེད་དུ་དམིགས་ཡོད་པས་གལ་ཏེ་བོད་མཐོ་སྒང་ལ་དམག་འཐབ་བྱུང་བ་དང་དམིགས་བསལ་མཁའ་དམག་གི་ཐོག་ནས་བྱུང་བ་ཡིན་ན།རྒྱལ་ས་ལྷ་ས་གཅིག་པུ་མིན་པར་བོད་ཁྱོན་ཡོངས་ལ་གྲ་སྒྲིག་གདོང་ལེན་བྱེད་སྟངས་ཀྱི་སྦྱོང་བརྡར་ཅིག་ཡིན་པས་དངངས་འཚབ་དང་ཞེད་སྣང་སྐྱེ་དགོས་པ་ཞིག་ཆགས་ཡོད་པ་གསུངས་ཡོད་པ་རེད།
ད་ལྟའི་སྐབས་བོད་རང་སྐྱོང་ལྗོངས་གཅིག་པུའི་ནང་གནམ་ཐང་ལྔ་ཙམ་ཡོད་ཅིང་། དེ་དག་ནི་ལྷ་ས་གོང་དཀར་དང་ཉིང་ཁྲི། གཞི་ཀ་རྩེ། ཆབ་མདོ། མངའ་རིས་དགུན་ས་བཅས་སུ་ཡོད་པ་དང་། ད་དུང་མངའ་རིས་སྤུ་ཧྲེང་དང་། སྟོད་དིང་རི། ལྷོ་ཁ་ལྷུན་རྩེ་རྫོང་བཅས་ཀྱི་ནང་གནམ་ཐང་གསུམ་ཕྱི་ལོ་ ༢༠༡༨ ལོ་ནས་རྒྱག་རྒྱུ་འགོ་བཙུགས་ཀྱིས་ ༢༠༢༡ ལོར་མཇུག་བསྒྲིལ་བྱ་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
ཡང་བོད་རང་སྐྱོང་ལྗོངས་ཟེར་བའི་ཕྱི་རོལ་དུ་ཡོད་པའི་རྒྱ་ནག་གི་ཞིང་ཆེན་འདྲ་མིན་གྱི་འོག་ཏུ་བཅུག་པའི་བོད་ཀྱི་ས་ཁུལ་ཁག་ནང་གནམ་ཐང་བཅུ་ཙམ་ཡོད་ཅིང་། གནམ་ཐང་དེ་དག་ཀྱང་ཞི་དྲག་གཉིས་ཀའི་ཆེད་བེད་སྤྱོད་བྱེད་བཞིན་ཡོད་པ་རེད།