ཉིན་བརྒྱའི་བྱ་སྤྱོད་དང་དམ་དྲག
ལྷ་སར་ཉིན་བརྒྱའི་བྱ་སྤྱོད་ཀྱི་ལས་འགུལ་ཟེར་བ་དེ་ནི་བོད་ནང་དུས་ཟིངས་མི་ཡོང་ཆེད་སྤེལ་བཞིན་པར་ཡིད་ཆེས་བྱེད་བཞིན་འདུག
- 2022-07-29
-
-
-
Your browser doesn’t support HTML5 audio
ཕྱི་ཟླ་༧པ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་ཉིན་བརྒྱའི་བྱ་སྤྱོད་ལས་འགུལ་ཞེས་ཟེར་བ་ཞིག་སྤེལ་བཙུགས་ཡོད་ཅིང་། ཕྱི་ཚེས་༢༧ཉིན་ལྷ་ས་ཉེན་རྟོག་པས་ཉིན་བརྒྱའི་བྱ་སྤྱོད་ལས་འགུལ་དེའི་འོག རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ། རྐང་བཙུགས་ནས་མི་གསོད་པ་སོགས་ཀྱི་བྱ་སྤྱོད་རྒྱ་ཁྱབ་ངང་འཚོལ་བསྡུ་་སོགས་ཡིན་སྐོར་བསྒྲགས་ཡོད་པ་དང་། ད་ལྟའི་ཆར་ལྷ་ས་ཁུལ་དུ་དམ་དྲགས་དང་དམག་སྦྱོང་སོགས་ཤུགས་ཆེར་བྱེད་བཞིན་ཡོད་པ་ལྷ་ས་གྲོང་ཁྱེར་སྤྱི་སྡེ་ཚན་པས་ཁྲིམས་འགལ་བྱ་སྤྱོད་ཀྱི་ཁུངས་སྣེ་ཡོངས་བསྒྲགས་ངང་འཚོལ་བསྡུ་བྱེད་པའི་སྐོར་གྱི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་གསལ་བརྡ་ཟེར་བ་ཞིག་བཀྲམས་པ་དེའི་ནང་བཀོད་འདུག་ལ། དེ་ལྟར་ཡིན་པ་བོད་ནང་གི་བོད་མི་ཞིག་ནས་ཀྱང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ད་ལྟའི་ཆར་ཉིན་བརྒྱའི་བྱ་སྤྱོད་ལས་འགུལ་ཟེར་བ་དེ་དངོས་ཤུགས་བརྒྱུད་གསུམ་ནས་སྤེལ་བཞིན་པ་མ་ཟད། ལྷ་ས་ཉེན་རྟོག་པ་དང་ཞིབ་གཅོད་ཁང་གིས་ཉིན་མཚན་བསྟུད་ནས་དྲ་ལམ་ལ་ཞིབ་བཤེར་དང་མི་མང་གི་འགྲོ་འདུག་ལ་ལྟ་རྟོག་བྱེད་བཞིན་ཡོད་འདུག་ལ། བོད་གནས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས། རྒྱ་ནག་གཞུང་གིས་ལྷ་ས་ཁུལ་དུ་ཉིན་བརྒྱའི་ལས་འགུལ་ཟེར་བ་དེའི་ཐོག་ནས་ཧ་ལས་དགོས་པའི་དྲག་གནོན་བྱེད་བཞིན་པ་འདི་ནི་དམར་ཤོག་ཚོགས་པའི་ཚོགས་ཆེན་སྐབས་ངོ་རྒོལ་ཡར་ལངས་རིགས་མི་ཡོང་ཆེད་ཡིན་པ་དང་། སྤྱི་ཚོགས་བདེ་འཇགས་སོགས་ཀྱི་ཆེད་མིན་སྐོར་བརྗོད་བྱུང་།
ཡང་ལྷ་ས་གྲོང་ཁྱེར་ཉེན་རྟོག་པས། ཉིན་བརྒྱའི་བྱ་སྤྱོད་ལས་འགུལ་ཟེར་བ་དེའི་དམིགས་ཡུལ་གཙོ་བོ་ནི་དབྱར་དུས་ཀྱི་བདེ་འཇགས་ཁྱད་ཆོས་ལ་དམིགས་ཏེ། མངོན་གསལ་མིན་པའི་བདེ་འཇགས་ཀྱི་རྐྱེན་ངན་སྣ་ཚོགས་འགག་ཐུབ་པ་བྱུང་ཡོད་ལུགས་བརྗོད་འདུག་ལ། བྱ་སྤྱོད་ལས་འགུལ་སྤེལ་འགོ་བཙུགས་པ་ནས་བཟུང་ད་བར་དུག་རྫས་ཚོང་འགྲེམ་དང་། བཙན་གཡེམ། དྲ་ལམ་ཐོག་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེ་བ་དང་མང་ཚོགས་ཀྱི་དོ་ཁུར་བྱེད་མང་བའི་གྱོད་གཞིར་མིང་སྦྱར་སྒྲུབ་སྐུལ་བྱས་པ། དངུལ་ཁ་བསླུས་རྒྱག་པ་སོགས་ཁྲིམས་འགལ་བྱེད་མཁན་གྱི་མི་སྣ་༡༡འཛིན་བཟུང་བྱས་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།