གསུམ་བཅུའི་དུས་དྲན་བསླེབ་ལ་ཉེ་བ་དང་བསྟུན་རྒྱ་ནག་གཞུང་གིས་ལྷ་ས་ཁུལ་དུ་ཆབ་སྲིད་སློབ་གསོ་སྤེལ་བ་དང་དམ་དྲགས་ཞིབ་བཤེར་བྱེད་མགོ་ཚུགས་ཡོད་འདུག
དགོན་སྡེ་ཁག་ཏུ་ཕྱི་ཟླ་ ༣ ནང་ཆབ་སྲིད་སློབ་གསོར་ཤུགས་སྣོན་དགོས་སྐོར་དང་། སྤྱི་ཚོགས་དྲ་ལམ་དུ་ཞིབ་བཤེར་གཙོས་མངོན་གསལ་དོད་པོས་དམ་དྲགས་ཤུགས་ཆེར་བཏང་ཡོད་འདུག
- 2024-03-05
-
-
-
ལོ་ལྟར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་བསླེབ་ལ་ཉེ་བ་དང་བསྟུན། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཀྱི་ས་ཁུལ་ཁག་མང་པོའི་ནང་། དམག་མི་འགྲེམས་འཇོག་དང་མི་མང་གི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་ཤུགས་ཆེར་བྱེད་བཞིན་ཡོད་པ་ལྟར། འདི་ལོ་ཡང་ཕྱི་ཟླ་ ༣ ནང་ལྷ་ས་གྲོང་ཁྱེར་གྱི་སློབ་ཆེན་ཁག་ཏུ་ཡོད་པའི་སློབ་གཉེར་བ་ཚོ་ཕྱི་ལ་འགྲོ་སྐྱོད་མི་ཆོག་པ་དང་། དགོན་སྡེ་ཁག་ཏུ་ཕྱི་ཟླ་ ༣ ནང་ཆབ་སྲིད་སློབ་གསོར་ཤུགས་སྣོན་དགོས་སྐོར་དང་། སྤྱི་ཚོགས་དྲ་ལམ་དུ་ཞིབ་བཤེར་གཙོས་མངོན་གསལ་དོད་པོས་དམ་དྲགས་ཤུགས་ཆེར་བཏང་ཡོད་པ། བོད་ནང་གི་འགྲེལ་བོད་མི་ཁག་ཅིག་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་བོད་མི་ཞིག་ནས་མུ་མཐུད་བརྗོད་དོན་ལ། ཕྱི་ཟླ་ ༣ པའི་ནང་ལྷ་སའི་སློབ་ཆེན་ཁག་གི་སློབ་གཉེར་བ་ཚོ་སློབ་གྲྭའི་ནང་དུ་བཅུག་སྟེ་ཕྱི་རུ་གང་བྱུང་འགྲོ་སྐྱོད་མི་ཆོག་པ་བྱས་སོང་ལ། གལ་ཏེ་ངེས་པར་དུ་འགྲོ་དགོས་ཚེ་ཉིན་གཅིག་གི་དགོངས་པ་ལས་སྤྲོད་ཀྱི་མེད་པ་དང་། སྤྱིར་ལོ་ལྟར་དུས་ཚིགས་འདིར་བོད་ཀྱི་ས་ཁུལ་གཞན་ནས་ལྷ་སར་ཡོང་མཁན་ཚོ་ཕྱི་ལ་འགྲོ་སྐྱོད་དེ་ཙམ་བྱེད་མི་ཐུབ་པ་ཆགས་ཡོད་སྐོར་བརྗོད་བྱུང་ལ། ཡང་འབྲེལ་ཡོད་གཞན་ཞིག་ནས་ལྷ་སའི་དགོན་སྡེ་ཁག་ཏུ་མཆོད་མཇལ་སྐོར་ཆེད་འགྲོ་བར་ཞིབ་བཤེར་འདྲི་རྩད་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། དགོན་སྡེ་ཁག་ཏུ་ཕྱི་ཟླ་ ༣ ནང་རྒྱ་ནག་གི་ཚོགས་ཆེན་གཉིས་ཀྱི་ནང་དོན་ལ་སློབ་གཉེར་དགོས་པའི་བཙན་ཐབས་དང་། ལྷ་ས་གྲོང་ཁྱེར་ཡོངས་སུ་ཕྱི་ཟླ་ ༣ དེ་རྒྱ་ནག་དམར་ཤོག་ཚོགས་པའི་དམག་མི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་དགོས་པའི་ལས་གཞི་སྤེལ་བཞིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཡང་ཕྱི་ཟླ་ ༣ ཚེས་ ༢ ཉིན་བོད་ལྗོངས་ཉིན་རེའི་ཚགས་པར་ཟེར་བའི་གནས་ཚུལ་སྤེལ་བའི་ནང་། བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲང་གིས་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་ལྟེ་གནས་སུ་ཆེད་བཅར་གྱིས། ཕྱི་ཟླ་ ༣ ནང་རྒྱ་ནག་གི་ཚོགས་ཆེན་གཉིས་དང་ཕྱི་ཟླ་ ༣ པའི་སྤྱི་ཚོགས་བདེ་འཇགས་ཆེད། ལྷ་ས་དང་། ལྷོ་ཁ། ཆབ་མདོ། མངའ་རིས་སོགས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྟོགས་ཞིབ་དང་འབྲེལ། ཕྱི་ཟླ་ ༣ པའི་ནང་བོད་རང་སྐྱོང་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ལས་འགན་ཨང་དང་པོར་བརྩིས་ནས་རྟག་ཏུ་བློ་བཟོད་མི་བདེ་བའི་འགན་འཁྲི་འཁུར་བ་དང་། ལས་དོན་ཚང་མར་དམ་འཛིན་ནན་པོ་བྱེད་དགོས་སྐོར་སོགས་བརྗོད་འདུག་ལ། གཞན་ཡང་ཕྱི་ཟླ་ ༣ པའི་ཟླ་མགོར་ལྷ་ས་གྲོང་ཁྱེར་དྲག་ཆས་དམག་གིས་བརྟན་བརླིང་སྲུང་སྐྱོབ་དང་བདེ་འཇགས་དམག་སྦྱོང་ཆེད་ཡིན་སྐོར་བརྗོད་ནས། དྲག་ཆས་དམག་གི་དངོས་འཐབ་ཟེར་བའི་སྦྱོང་བརྡར་འདྲ་མིན་བྱས་ཡོད་སྐོར་རྒྱ་ནག་གི་གནས་ཚུལ་ཁག་ཏུ་འགོད་སྤེལ་བྱས་ཡོད་པ་རེད།
སྤྱིར་རྒྱ་ནག་གཞུང་གིས་དེ་སྔ་ནས་གསུམ་བཅུའི་དུས་དྲན་དང་། བོད་ནང་དུས་ཆེན་ཆེ་ཁག་དང་བསྟུན་དམ་དྲག་དང་ལྟ་རྟོག་བྱེད་བཞིན་ཡོད་ན་ཡང་། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་བོད་མིའི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་། རྒྱ་ནག་གཞུང་གིས་ལོ་ལྟར་གསུམ་བཅུའི་དུས་དྲན་དང་བསྟུན་བོད་མི་ཚོར་དམ་དྲགས་དང་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་པ་རེད་ལ། ལྷག་པར་དུ་བོད་ནང་ཞི་རྒོལ་དང་རང་ལུས་མེར་སྲེག་རིགས་ཀྱི་ལས་འགུལ་བྱུང་སྐབས་དེ་ལས་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་རེད།
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།