རྒྱ་ནག་གིས་ཐེ་ཝན་དང་འབྲེལ་བ་བྱེད་རྒྱུ་མཚམས་འཇོག་བྱས་བ།
རྒྱ་ནག་གིས་གནས་སྐབས་རིང་ཐེ་ཝན་དང་ལྷན་དུ་གཞུང་འབྲེལ་འབྲེལ་བ་བྱེད་རྒྱུ་མཚམས་འཇོག་བྱས་ཡོད་འདུག
-
2016-06-27 -
-
-
རྒྱ་ནག་གིས་གནས་སྐབས་རིང་ཐེ་ཝན་དང་ལྷན་དུ་གཞུང་འབྲེལ་འབྲེལ་བ་བྱེད་རྒྱུ་མཚམས་འཇོག་བྱས་ཡོད་འདུག
དེ་ནི་ཐེ་ཝན་གྱི་དབུ་ཁྲིད་གསར་པས་རྒྱ་ནག་གཅིག་ཅེས་པར་མོས་མཐུན་རྒྱབ་སྐྱོར་གནང་གི་མེད་པ་རེད་ཅེས་བཤད་འདུག དེ་ཡང་ཐེ་ཝན་གྱི་སྲིད་འཛིན་གསར་པ་Tsai Ing-wen་མཆོག་གིས་ཕྱི་ལོ་༡༩༩༢ལོར་རྒྱ་ནག་དང་ཐེ་ཝན་དབར་མོས་མཐུན་བྱུང་བའི་རྒྱ་ནག་དང་ཐེ་ཝན་ནི་རྒྱལ་ཁབ་གཅིག་ཡིན་ཞེས་པའི་སྲིད་ཇུས་ལ་མོས་མཐུན་གནང་གི་མེད་པའི་ཆ་ནས་རྒྱ་ནག་གིས་ཐེ་ཝན་མཉམ་འབྲེལ་བ་བྱ་རྒྱུ་དེ་མཚམས་འཇོག་བྱས་པ་ཡིན་ཞེས་རྒྱ་ནག་གིས་བཤད་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་མཆོག་གིས་ཐེ་ཝན་རང་བཙན་གྱི་འདོད་ཕྱོགས་དོར་དགོས་པའི་གནོན་ཤུགས་སྤྲོད་རྒྱུའི་ལས་འགུལ་གསར་ཤོས་དེ་ཡིན་པ་རེད། འོན་ཀྱང་རེས་གཟའ་སྤེན་པའི་ཉིན་ཐེ་ཝན་གཞུང་གི་མགྲིན་ཚབ་པ་Tung Chen-yuan་ལགས་ཀྱིས། རྒྱ་ནག་དང་ལྷན་དུ་མུ་མཐུད་འབྲེལ་བ་བྱ་ཐབས་བྱེད་ཀྱི་ཡིན། གང་ལགས་ཤེ་ན། ཕྱོགས་གཉིས་དབར་འབྲེལ་བ་བཟང་པོ་བྱ་རྒྱུ་དེ་ནི་ཕྱོགས་གཉིས་ཀར་ཕན་ཐོགས་ཡོད་པ་ཞིག་རེད་ཅེས་བཤད་འདུག
ཨ་མི་རི་ཀའི་བདེ་སྲུང་ལས་ཁང་གསར་པ་ཞེས་པའི་བསྟི་གནས་ཁང་གི་སློབ་སྟོན་པ་རྒན་གྲས་སྐུ་ཞབས་Patrick M. Cronin་ལགས་ཀྱིས། རྒྱ་ནག་གི་ཐག་ཆོད་དེ་ལྟར་བྱེད་དགོས་དོན་ནི། ཐེ་ཝན་ནང་རང་བཙན་གྱི་ལས་འགུལ་བྱེད་ཤུགས་ཆེ་རུ་འགྲོ་བཞིན་པ་དེར་རྒྱ་ནག་གི་དཔོན་རིགས་ཚོ་ཚ་གི་ཚི་གེ་ཆེ་རུ་འགྲོ་བཞིན་པའི་ཆ་ནས་ཡིན་པ་དང་། དེ་བཞིན་ཐེ་ཝན་གྱི་སྲིད་འཛིན་Tsai Ing-wen་གྱིས་ཐེ་ཝེན་གྱི་དཔལ་འབྱོར་ཉམ་རྒུད་དུ་ཕྱིན་པ་དེ་བསྐྱར་གསོ་བྱ་རྒྱུའི་ཁས་ལེན་གནང་བ་དེར་འགོག་རྐྱེན་བཟོ་ཐབས་ཆེད་རྒྱ་ནག་གིས་ཐེ་ཝན་དང་ལྷན་དུ་འབྲེལ་བ་བཅད་རྒྱུའི་ཐག་ཆོད་བྱས་པ་ཞིག་རེད་ཅེས་གསུངས་འདུག
དེ་བཞིན་གསར་འགྱུར་དཔྱད་ཞིབ་པས་ཐེ་ཝན་གྱི་སྲིད་འཛིན་Tsai་མཆོག་ལ་ཊན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ཅིག་ནང་གཟིགས་སྐོར་དང་པོ་དེ་གནང་བཞིན་པའི་སྐབས་རྒྱ་ནག་གིས་ གནས་སྐབས་རིང་ཐེ་ཝན་དང་ལྷན་དུ་འབྲེལ་བ་བྱེད་རྒྱུ་དེ་མཚམས་འཇོག་བྱས་པ་ཡིན་ཞེས་གསལ་བསྒྲགས་གནང་བ་དེ་ནི་ཐེ་ཝན་གྱི་སྲིད་འཛིན་མཆོག་ལ་སྣང་ཆུང་བྱས་པ་ཞིག་རེད་ཅེས་གསུངས་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།