རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་མོ་མུ་མཐུད་ཕྱེ་ཡོད་ཟེ་བཤད།

རྒྱ་ནག་གཞུང་ཕྱོགས་ནས་༸ཏཱ་ལའི་བླ་མའི་སྐུ་ཚབ་དང་ལྷན་དུ་རྒྱ་ནག་གཞུང་གིས་གྲོས་མོལ་གྱི་སྒོ་མོ་ད་དུང་ཡང་ཕྱེ་མུས་ཡིན་པ་བརྗོད་འདུག

༄༅༎རེས་གཟའ་པ་སངས་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྦན་ཀི་མུན་མཆོག་གིས་རྒྱ་ནག་གཞུང་ཕྱོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་མུ་མཐུད་གནང་དགོས་སྐོར་བསྐུལ་མ་ཞུས་པའི་གནས་ཚུལ་བྱུང་རྗེས་དེ་རིང་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་གྲོས་མོལ་གྱི་སྒོ་མོ་ད་དུང་ཡང་ཕྱེ་མུས་ཡིན་པ་བརྗོད་འདུག

གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་ཕེརན་སི་གསར་སྤེལ་ལས་ཁང་ལ་མགྱོགས་འཕྲིན་བརྒྱུད་གསལ་བསྒྲགས་ཤིག་བཏང་ཡོད་པ་དེའི་ནང་རྒྱ་ནག་གཞུང་ཕྱོགས་ནས་འབྲེལ་ལམ་དང་གྲོས་མོལ་ག་དུས་བྱས་ཀྱང་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་བྱས་ཡོད་ལ་དེ་བཞིན་ཏཱ་ལའི་ཕྱོགས་སུ་གྲོས་མོལ་གྱི་སྒོ་མོ་རྟག་ཏུ་ཕྱེ་མུས་ཡིན་ཞེས་དང་ཡང་གསལ་བསྒྲགས་དེའི་ནང་མུ་མཐུད་འོན་ཀྱང་གནད་དོན་གཙོ་བོ་ནི་ཏཱ་ལའི་བླ་མའི་ངོས་ནས་རང་ཉིད་ཀྱི་ནོར་འཁྲུལ་ཅན་གྱི་སྲིད་དོན་ལངས་ཕྱོགས་ལ་བསྐྱར་ཞིབ་དང་ནོར་འཁྲུལ་ཡོ་སྲངས་བྱེད་དགོས་པ་དང་དེ་བཞིན་བོད་རང་བཙན་འགྲུབ་རྒྱུའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དོར་སྟེ་ཚིག་དང་ལག་ལེན་དོན་བདག་ངོ་མའི་ཐོག་མཚུངས་པ་དགོས་ཀྱི་རེད་ཅེས་བརྗོད་འདུག

གཟའ་པ་སངས་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྦན་ཀི་མུན་མཆོག་གིས་རྒྱ་ནག་གཞུང་ཕྱོགས་ནས་ཁ་ཞེ་གཉིས་མེད་ཀྱི་གྲོས་མོལ་བྱེད་པའི་བརྒྱུད་རིམ་གྱི་ཐོག་ནས་སེམས་འཚབ་ཅན་གྱི་བོད་ཀྱི་དཀའ་རྙོག་དང་འབྲེལ་བའི་གནད་དོན་ཁག་ཞི་འཇམ་དང་འཆམ་མཐུན་གྱི་ཐོག་ནས་སེལ་ཐུབ་པ་ཡོང་རྒྱུར་ཐུགས་རེ་གནང་གི་ཡོད་ཅེས་གསུངས་ཡོད་པ་རེད།

བོད་རྒྱའི་སྐུ་ཚབ་དབར་ཕྱི་ལོ་༢༠༠༢ནས་བཟུང་འབྲེལ་མོལ་ཐེངས་བརྒྱད་ཙམ་གནང་ཡོད་ན་ཡང་ད་བར་དོན་ཕན་སོན་པའི་གྲུབ་འབྲས་གང་ཡང་མ་བྱུང་ཞིང་བོད་པའི་ངོས་ནས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་འབྱུང་ཐབས་ཀྱི་བསམ་འཆར་རྒྱ་ནག་གཞུང་ལ་ཡིག་ཐོག་སྤྲད་པ་དེ་ནི་རྒྱ་ནག་གཞུང་གིས་དོན་དུ་རང་བཙན་འགྲུབ་རྒྱུའི་དམིགས་ཡུལ་ཡོད་ལུགས་སོགས་བརྗོད་སྟེ་བསམ་འཆར་གྱི་ཡིག་ཆར་ངོས་ལེན་རྩ་བ་ནས་བྱས་མེད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org