རྒྱ་ནག་གིས་དགོག་སྲུང་མེ་ཤུགས་འཕུར་མདེལ་ཚོད་ལྟ།
རྒྱ་ནག་གཞུང་གིས་མེ་ཤུགས་འཕུར་མདེལ་གྱི་རྒོལ་རྡུང་འགོག་སྲུང་ཐུབ་པའི་གོ་མཚོན་ཚོད་ལྟ་བྱས་པ་ལམ་ལྷོང་བྱུང་ཚུལ་བཤད་འདུག
-
2010-01-12 -
-
-
༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་མེ་ཤུགས་འཕུར་མདེལ་གྱི་རྒོལ་རྡུང་འགོག་སྲུང་ཐུབ་པའི་གོ་མཚོན་ཚོད་ལྟ་བྱས་པ་ལམ་ལྷོང་བྱུང་ཚུལ་བཤད་ཡོད་ཅིང། ཡིན་ནའང་གནས་ཚུལ་དབྱེ་ཞིབ་པ་ཚོས། ཨ་མི་རི་ཀས་ཐའེ་ལྦན་ལ་གོ་མཚོན་ཚོང་འགྲེམས་གནང་རྒྱུའི་གནད་དོན་དེའི་ཐོག་ལ་ཁ་གཏད་དུ་རྒྱ་ནག་ཕྱོགས་ལ་མཁའ་དབྱིངས་ཐོག་གོ་མཚོན་གྱི་གཏོར་རྒོལ་ལས་འགོག་རྒོལ་ཐུབ་པའི་ནུས་པ་ཡོད་ཚུལ་གྱི་རྣམ་པ་བཏོན་པ་ཞིག་པ་ངོས་འཛིན་གནང་གི་ཡོད་པ་རེད།
དེ་ཡང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཅཱང་ཡུས་གསར་འགོད་ལྷན་ཚོགས་ཐོག་ལ། རྒྱ་ནག་གཞུང་གིས་ས་ཐོག་ནས་རྒྱང་ཐག་རིང་ཙམ་དུ་འཕེན་ཐུབ་པའི་མེ་ཤུགས་འཕུར་མདེལ་ཞིག་ཚོད་ལྟ་བྱས་པ་དེ་དམིགས་ཡུལ་ལྟར་ལམ་ལྷོང་བྱུང་ཡོད་ཅེས་དང། ཚོད་ལྟའི་ལས་དོན་དེ་ནི་སྲུང་སྐྱོབ་ཀྱི་རང་བཞིན་ལྡན་པ་ཞིག་དང། རྒྱ་ནག་རྒྱལ་ཁབ་ཀྱི་སྲུང་སྐྱོབ་སྲིད་ཇུས་དང་མཐུན་པ་ཞིག་ཡིན་པ་ལས་རྒྱལ་ཁབ་གཞན་སུ་ཞིག་ལ་དམིགས་སུ་བཀར་ནས་ཚོད་ལྟ་བྱས་པ་ཞིག་མིན་པའི་སྐོར་བཤད་ཡོད་ཅིང། ཡིན་ནའང་ཐའེ་ལྦན་གྱི་རྒྱལ་ས་ཐའེ་ཕེ་ནང་དུ་ཡོད་པའི་ཨ་མི་རི་ཀའི་དཔོན་རིགས་ཤིག་གིས་དེ་སྔ་ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་ཐག་གཅོད་བྱུང་བའི་གྲོས་མཐུན་ནང་དུ་ཐའེ་ལྦན་ལ་གོ་མཚོན་ཚོང་འགྲེམས་བྱ་རྒྱུའི་བཀའ་ཁྲོལ་ཐོབ་པ་ལྟར་ཨ་མི་རི་ཀའི་བདེ་སྲུང་ལྷན་ཁང་གིས་ཐེ་དབན་ལ་མེ་ཤུགས་འཕུར་མདེལ་གོ་མཚོན་གྱི་མ་ལག་ཚོང་འགྲེམས་བྱ་རྒྱུའི་བཀའ་ཁྲོལ་ཐོབ་ཡོད་པའི་གནས་ཚུལ་གསུངས་མ་ཐག་རྒྱ་ནག་གཞུང་གིས་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་པའི་གསར་འགྱུར་དེ་ཐོན་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཐའེ་ལྦན་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་འཛིན་གྱིས་ཨ་མི་རི་ཀས་ཐའེ་ལྦན་ལ་གོ་མཚོན་ཚོང་འགྲེམས་བྱ་རྒྱུའི་ལས་གཞི་ཕྱིར་འཐེན་བྱེད་དགོས་པའི་ཉེན་བརྡ་ཡང་སེ་བཏང་ཡོད་ཅིང། དམིགས་བསལ་ད་རེས་གཟའ་མཇུག་ཏུ་རྒྱ་ནག་སྲུང་སྐྱོབ་ལྷན་ཁང་གིས། གལ་ཏེ་ཨ་མི་རི་ཀའི་ཕྱོགས་ནས་ཐའེ་ལྦན་ལ་གོ་མཚོན་ཚོང་འགྲེམས་བྱས་པ་ཡིན་ཚེ་རྒྱ་ནག་དང་ཨ་མི་རི་ཀའི་དམག་དོན་འབྲེལ་ལམ་ལ་ཚབས་ཆེའི་འགོག་རྐྱེན་དུ་འགྲོ་རྒྱུ་རེད་ཅེས་ཉེན་བརྡ་བཏང་ཡོད་པ་རེད། གནས་ཚུལ་དབྱེ་ཞིབ་པ་ཚོས་ད་རེས་རྒྱ་ནག་ཕྱོགས་ནས་གོ་མཚོིན་ཚོད་ལྟ་བྱས་པ་དེ་ནི། ཨ་མི་རི་ཀས་ཐའེ་ལྦན་ལ་གོ་མཚོན་ཚོང་འགྲེམས་བྱ་རྒྱུའི་ཐག་གཅོད་ལ་འགྱུར་བ་གཏོང་ཐབས་ཀྱི་གནོན་ཤུགས་ཤིག་དང། ཡང་ན་རྒྱ་ནག་གི་དམག་དོན་ནུས་སྟོབས་ཀྱི་རྣམ་པ་བཏོན་པའི་རྣམ་འགྱུར་ཞིག་ཡིན་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།