རྒྱ་གཞུང་གིས་བོད་ནང་སྤྱི་ཚོགས་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་ཡོད་ཚུལ་བརྗོད་དེ་རྒྱལ་ཚོགས་ཀྱི་ཁྱད་ལས་རྟོག་ཞིབ་པའི་སེམས་འཚབ་བྱས་པར་ལན་འདེབས་བྱས་འདུག

རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་ལས་རྟོག་ཞིབ་པ་དྲུག་གིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ་རྒྱ་ནག་གཞུང་ལ་བོད་ནང་གི་ལས་རིགས་ལག་རྩལ་སྦྱོང་བརྡར་དང་བཙན་དབང་ཐོག་ནས་བོད་མི་ངལ་རྩོལ་སྤོ་བཞུད་བྱེད་མིན་གྱི་གནད་དོན་ཐད་སེམས་འཚབ་ཡོད་པ་གསུངས་པའི་ཐད་རྒྱ་གཞུང་གིས་ལན་འདེབས་བྱས་འདུག

རོཡི་ཊརས།

ཕྱི་ཟླ་ ༤ ཚེས་ ༢༨ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁང་གི་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཆེད་ལས་རྟོག་ཞིབ་མི་སྣ་ཁག་ཅིག་གིས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་ལས་རིགས་སྦྱོང་བརྡར་ཟེར་བར་ཁ་གཡར་ནས་བཙན་དབང་གིས་ངལ་རྩོལ་སྐུལ་གྱི་ཡོད་པའི་སྐོར་སྐྱོན་བརྗོད་བྱེད་པའི་ཐད་དྲི་བ་བཏང་འདུག་ཅིང་།  རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་དེར་ལན་འདེབས་བྱས་སྐབས།  བོད་ནང་གི་བོད་མི་ཚོ་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད་པ་དང་།  འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་ཡར་རྒྱས་ཕྱིན་ཡོད་ཚུལ་གསལ་བཤད་བྱས་པ་མ་ཟད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ ཐང་གི་ཆེད་ལས་རྟོག་ཞིབ་མི་སྣས་སེམས་འཚབ་བྱེད་དགོས་ལུགས་ཟེར་བའི་གནས་ཚུལ་དེ་རིགས་ལ་གཞི་རྩ་གང་ཡང་མེད་པ་བརྗོད་འདུག
རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ད་དུང་། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཁྱད་ལས་རྟོག་ཞིབ་མི་སྣ་ཚོས་དངོས་ཡོད་གནས་ཚུལ་དང་རྒྱ་ནག་གཞུང་གིས་བཏོན་པའི་ཡིད་ཆེས་འཕེར་བའི་གནས་ཚུལ་ཁག་ལ་རྩིས་འཇོག་བྱེད་དེ་རྒྱ་ནག་ལ་ཁ་གཏད་ཀྱི་སྟོབས་ཤུགས་ལ་རོགས་འདེགས་བྱ་མི་རུང་བར་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་བརྗོད་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་ཅེས་བརྗོད་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ China News Service ཞེས་པས་ལུང་འདྲེན་བྱས་འདུག  
ཕྱི་ཟླ་བཞི་པའི་ཚེས་༢༧ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་ལྷན་ཚོགས་ཀྱིས་འགན་དབང་བསྐུར་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་རྟོག་ཞིབ་པ་ཚོས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་།  རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ངལ་རྩོལ་གྱི་ནུས་པ་སྤོ་བཞུད་བྱེད་པ་དང་། ཆེད་ལས་རིམ་པ་དམའ་བའི་སྦྱོང་བརྡར་གྱི་ལས་འཆར་ཟེར་བ་སྤེལ་བཞིན་ཡོད་པའི་སྐྱོན་བརྗོད་བྱས་པ་དང་མཉམ། ལས་འཆར་དེས་བོད་ཀྱི་ཆོས་དང་། སྐད་ཡིག   རིག་གཞུང་བཅས་ལ་གཏོར་སྐྱོན་བཏང་པ་དང་ངོ་བོ་བསྒྱུར་ཉེན་ཡོད་པ། ད་དུང་བོད་མི་རྣམས་ལ་བཙན་ཤེད་ཀྱིས་ངལ་རྩོལ་བྱེད་དུ་བཅུག་བཞིན་ཡོད་པའི་ཉེན་བརྡ་བཏང་ཡོད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་རྟོག་ཞིབ་པ་ཚོས། སྤྱི་ལོ་༢༠༡༥ལོ་ནས་བཟུང་རྒྱ་ནག་གཞུང་གིས་དྭང་བླང་རང་མོས་ཀྱི་ལས་འཆར་ཟེར་བ་ཞིག་གི་བརྒྱུད་ནས། བོད་ཀྱི་སྲོལ་རྒྱུན་གྱི་འཚོ་བ་རོལ་སྟངས་ལ་བསྒྱུར་བཅོས་བཏང་བ་དང་། ལག་རྩལ་དང་ཡོང་འབབ་དམའ་བའི་ལས་ཀ་བྱེད་དུ་འཇུག་བཞིན་པ་དེ་ནི། དོན་དུ་བོད་མི་རྣམས་ལ་བཙན་ཤེད་ཀྱིས་ལས་ཀ་བྱ་རུ་འཇུག་གིན་ཡོད་པ་ཞིག་ཏུ་ངོས་འཛིན་བྱས་ཡོད་པ་མ་ཟད་ལས་འཆར་དེས་ལས་རིགས་ཀྱི་ལག་རྩལ་གོང་སྤེལ་གཏོང་རྒྱུའི་ཐད་དོ་སྣང་མེད་པར། དམག་སྦྱོང་གི་ཁོར་ཡུག་རྣམ་པའི་ཁྲོད་བོད་མི་རྣམས་ལ་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་ཐབས་གལ་ཆེར་འཛིན་བཞིན་ཡོད་པ་ཡང་གསལ་སྟོན་བྱས་འདུག
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org