བོད་ཀྱི་གནད་དོན་ལ་ཐེ་ཇུས་མི་བྱེད་པའི་འབོད་སྐུལ་བྱས་སྐོར།
རྒྱ་གཞུང་གིས་ཕེརན་སིའི་སྲིད་འཛིན་ནས་ཡོ་རོབ་ཀྱི་ཆེ་ཐོངས་ལག་ཆར་བེད་སྤྱོད་བྱས་ཏེ་བོད་ཀྱི་གནད་དོན་ལ་ཐེ་ཇུས་མི་བྱེད་པའི་འབོད་སྐུལ་ཞུས་པ།
-
2008-12-16 -
-
-
༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་ཕེརན་སིའི་སྲིད་འཛིན་ནི་ཀོ་ལ་སེ་སར་ཀོ་ཛི་ཡིས་ཡོ་རོབ་རྒྱལ་ཁབ་ཀྱི་ཆེ་ཐོངས་དང་རིན་ཐང་ལག་ཆར་བེད་སྤྱོད་བྱས་ཏེ་བོད་ཀྱི་གནད་དོན་ལ་ཐེ་ཇུས་མི་བྱེད་པའི་འབོད་སྐུལ་ཞུས་ཡོད་པ་རེད།
དེ་ཡང་སྲིད་འཛིན་སར་ཀོ་ཛི་མཆོག་གིས་ཟླ་བ་འདིའི་ནང་པོའོ་ལེནདྲ་དུ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་པ་དེར་རྒྱ་ནག་ཕྱོགས་ནས་ཁོང་ཁྲོ་ཆེན་པོའི་ཐོག་ནས་རྒྱ་ནག་དང་ཡོ་རོབ་ཀྱི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པ་དང་རྒྱ་ནག་དང་ཕེརན་སི་བར་གྱི་ཚོང་ལས་ཀྱི་འབྲེལ་ལམ་ལ་གནོད་འཚེ་འགྲོ་རྒྱུའི་ཉེན་བརྡའི་འཇིགས་སྐུལ་རིམ་པ་བྱས་ཡོད་པ་རེད། གཟའ་འཁོར་སྔོན་གྱི་རེས་གཟའ་པ་སངས་ཉིན་སྲིད་འཛིན་སར་ཀོ་ཛི་མཆོག་གིས་གསར་འགོད་པར་བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་རྒྱ་ནག་དང་གྲོས་མོལ་གྱི་ཐབས་ལམ་འཚོལ་གྲུབ་གནང་གི་ཡིན།ཡིན་ནའང་ང་ཚོས་ཡོ་རོབ་ཀྱི་ཆེ་ཐོངས་དང་རིན་ཐང་ལ་གནོད་འཚེ་མི་འགྲོ་བ་བྱ་རྒྱུ་ཡིན་ཞེས་གསུང་ཡོད་པར་བརྟེན་ནས་དེ་རིང་མུ་མ་ཐུད་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིའུ་ཅན་ཁྲའོ་ཡིས་ང་ཚོ་རྒྱ་ནག་ཕྱོགས་ནས་རྒྱལ་ཁབ་གཞན་གྱི་རིན་ཐང་དང་བདག་དབང་གི་གནད་དོན་ལ་ཐེ་ཇུས་བྱ་རྒྱུ་མིན་ཞིང་དེ་དང་དུས་མཚུངས་ང་ཚོའི་ངོས་ནས་ཀྱང་རྒྱལ་ཁབ་དེ་དག་གི་རིན་ཐང་དེ་རྒྱ་ནག་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གནོད་པའི་ལས་དོན་རྩོམ་རྒྱུར་ངོས་ལེན་ཞུ་ཐབས་མེད་པ་དང་ལྷག་པར་དུ་རྒྱ་ནག་དང་ཕེརན་སི་བར་གྱི་འབྲེལ་ལམ་དེ་ནི་རྒྱ་ནག་ཕྱོགས་ནས་རིན་ཐང་ཞིག་ལ་ངོས་འཛིན་བྱ་གི་ཡོད།འོན་ཀྱང་གལ་ཏེ་ཕེརན་སིའི་སྲིད་འཛིན་སར་ཀོ་ཛི་ཡིས་ནོར་འཁྲུལ་ལེགས་བཅོས་མ་བྱས་པ་ཡིན་ཚེ་རིང་མིན་ཕྱི་ལོ་གསར་པའི་ནང་རྒྱ་ནག་དང་ཕེརན་སི་ཡུལ་གྲུ་གཉིས་བར་གྱི་འབྲེལ་ལམ་བཙུགས་ཏེ་མི་ལོ་བཞི་ཅུ་ཞེ་ལྔ་འཁོར་བའི་དུས་དྲན་དེར་དཀའ་ངལ་འཕྲད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད། རྒྱ་ནག་ཕྱོགས་ནས་དུས་རྟག་ཏུ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱིའི་རྒྱལ་ཁབ་ཀྱི་དབུ་ཁྲིད་སུ་དང་མཇལ་འཕྲད་གནང་རྒྱུར་ངོ་རྒོལ་བྱེད་པ་མ་ཟད་བོད་ཁ་བྲལ་གྱི་ལས་འགུལ་སྤེལ་གྱི་ཡོད་པའི་ཉེས་འཛུགས་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་༸གོང་ས་མཆོག་ནས་ཁ་བྲལ་གྱི་ལས་འགུལ་སྤེལ་གྱི་མེད་པ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་འོག་མཉམ་གནས་བྱ་རྒྱུ་ཡིན་པ་དུས་རྟག་ཏུ་འགྲེལ་བརྗོད་གནང་གི་ཡོད་པ་རེད།