རྒྱ་ནག་གཞུང་གིས་ཉེས་ཆད་བཀེལ་བ་ནི་ངོས་རང་ལ་ཆེ་བསྟོད་བྱས་པ་མཚོན་པ་ཞིག་ཡིན། ཡུས་རྨའོ་ཁྲུན།

ཨ་རིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་མཁན་རྒྱ་ནག་གི་དཔོན་རིགས་གཉིས་ལ་ཉེས་ཆད་གསལ་བསྒྲགས་བྱས་པའི་ཡ་ལན་དུ་རྒྱ་ནག་གཞུང་གིས་ཨ་རིའི་གནས་ཡོད་མི་སྣ་ཡུས་རྨའོ་ཁྲུན་དང་Todd Stein ལགས་གཉིས་ལ་ཉེས་ཆད་བཀེལ་ཡོད་འདུག

Todd Stein དང་ཡུས་རྨའོ་ཁྲུན། སྒྲིག་བཟོ།

ཕྱི་ཟླ་ ༡༢ ཚེས་༢༣ཉིན་རྒྱ་ནག་ཕྱི་སྲིད་ལས་ཁང་གི་དྲ་རྒྱའི་ཐོག་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་Wang Yi ཡིས་མིང་རྟགས་བཀོད་པའི་བཀའ་རྒྱ་ཡིག་ཆ་ཞིག་ཕྱིར་བཏོན་བྱས་པའི་ནང་། ཕྱི་ཟླ་༡༢ཚེས་༩ཉིན་ཨ་རིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་ཉེས་པ་བཙུགས་ནས་འབྲེལ་ཡོད་རྒྱ་ནག་གི་དཔོན་རིགས་གཉིས་ལ་ཨ་མི་རི་ཀས་ཁྲིམས་འགལ་གྱིས་བཀག་སྡོམ་བྱས་ཚུལ་བརྗོད་དེ་ཕྱི་རྒྱལ་གྱིས་བཀག་སྡོམ་ལ་རྒོལ་ལེན་བྱེད་པའི་རྒྱ་ནག་གཞུང་གི་ཁྲིམས་ཀྱི་དོན་ཚན་བཞི་པ་དང་ལྔ་པ། དྲུག་པའི་ནང་གཏན་འབེབས་བྱས་པ་གཞིར་བཞག་གིས།  རྒྱ་ནག་གཞུང་གིས་ ཡུས་རྨའོ་ཁྲུན་དང་ Todd Stein གཉིས་ལ་ཉེས་ཆད་འགེལ་རྒྱུ་ཡིན་པ་བཀོད་འདུག ཁོང་གཉིས་ལ་ཉེས་ཆད་འགེལ་རྒྱུའི་ཞིབ་ཕྲའི་ཐོ་གཞུང་བཀོད་པའི་ནང་། ཁོང་གཉིས་ཀྱིས་རྒྱ་ནག་ནང་ཡོད་པའི་གནས་སྤོ་ཆོག་པའི་རྒྱུ་ནོར་དང་། གཏན་ཚུགས་རྒྱུ་ནོར། དེ་མིན་གྱི་རྒྱུ་ནོར་སྣ་ཚོགས་བེད་སྤྱོད་བྱ་རྒྱུ་མེད་པར་བཀག་སྡོམ་བྱ་རྒྱུ་དང་། རྒྱ་ནག་ནང་ཡོད་པའི་སྒྲིག་འཛུགས་དང་སྒེར་ཕན་ཚུན་ལ་བརྗེ་ལེན་གྱི་བྱེད་སྒོ་ཁག་བཀག་སྡོམ་བྱ་རྒྱུ།  དེ་བཞིན་ཁོང་གཉིས་སྒེར་དང་ཐད་ཀའི་སྤུན་མཆེད་ལ་རྒྱ་ནག་ནང་ཡོང་རྒྱུར་ཐོངས་མཆན་སྤྲོད་རྒྱུ་མིན་པ་དང་རྒྱ་ནག་ནང་འཛུལ་རྒྱུར་བཀག་འགོག་བྱ་རྒྱུ་ཡིན་པ་བཅས་བཀོད་ཡོད་པ་རེད། བཀག་བསྡོམས་ཀྱི་ཐག་གཅོད་འདི་བཞིན་ཕྱི་ལོ་༢༠༢༢ཟླ་༡༢ཚེས་༢༣ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་བཀོད་འདུག
སྐུ་ཞབས་ Todd Stein ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ཡིག་ཐོག་བཀའ་ལན་ཞིག་གནང་འདུག་པ་དེའི་ནང་། རྒྱ་ནག་གཞུང་གི་ཐག་གཅོད་ཇི་བྱས་གལ་འགངས་ཆེན་པོ་གང་ཡང་མ་རེད། གལ་ཆེ་བའི་གནས་ཚུལ་ངོ་མ་ནི་རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་མི་སྟོང་ཕྲག་མང་པོ་སྲིད་དོན་པའི་བཙོན་པའི་མིང་ཐོག་ནས་བཙོན་འཇུག་བྱེད་བཞིན་པ་དེ་ཡིན་པས། འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་བརྡལ་བཤིག་གཏོང་བཞིན་པའི་དངོས་ཡོད་ཀྱི་གནས་ཚུལ་ལས་གཡོལ་ཐབས་མི་ཐུབ་པ་བྱེད་དགོས་ཀྱི་རེད་ཅེས་གསུངས་འདུག
ཡང་འདིའི་ཐད་དེ་སྔོན་ཨ་རིའི་སྲིད་གཞུང་གི་སློབ་སྟོན་པ་གནང་མྱོང་མཁན། ཡུས་རྨའོ་ཁྲུན་གྱིས་twitter དྲ་ཐོག་ཏུ་འདི་ནི་རྒྱ་ནག་མི་དམངས་ཀྱི་དགྲ་བོར་གྱུར་བའི་རྒྱ་ནག་གཞུང་གིས་ཁོང་ལ་ཆེ་བསྟོད་བྱས་པ་དང་གཅིག་མཚུངས་ཡིན་ཞེས་དང་། རང་དབང་གི་འབོད་སྒྲ་གནམ་སར་ཁྱབ་ཐུབ་པ་ཤོག་ཅེས་རྒྱ་ནག་གཞུང་གི་ཐག་གཅོད་དེར་ལན་འདེབས་གནང་འདུག 
ཁོང་གིས་རྒྱ་ནག་མི་དམངས་སྔ་ས་ནས་རང་དབང་ཐོབ་ནས་སོ་སོའི་རྒྱལ་ཁབ་ཀྱི་བདག་པོ་ཆགས་ཐུབ་པའི་རེ་བ་དང་། བྲན་གཡོག་བྱེད་མི་འདོད་པའི་མི་དམངས་ཚོ་ཡར་ལོངས་ཤོག་ཅེས་བྲིས་འདུག
རྒྱ་ནག་གིས་ད་རེས་ཨ་རིར་དེ་འདྲ་ཡ་ལན་བྱས་དོན་དེ་ནི་ཕྱི་ཟླ་ ༡༢ ཚེས་ ༩ ཉིན་ཨ་རིའི་ནོར་སྲིད་ལྷན་ཁང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན། བོད་ནང་གི་འགྲོ་བ་ཐོང་ཐང་རྡོག་རོལ་གཏོང་མཁན་བོད་རང་སྐྱོང་ལྗོངས་ཟེར་པའི་དམར་ཤོག་དྲུང་ཆེ་ཟུར་པ་Wu Yingjie དང་ཉེན་རྟོགས་སྤྱི་ཁྱབ་ Zhang Hongbo ཟེར་བ་གཉིས་ལ་ཉེས་ཆད་བཀེལ་ཡོད་པ་དེ་ཡིན་པ་རེད།
གོང་ཞུས་རྒྱ་ནག་གཞུང་གིས་ཉེས་ཆད་འགེལ་ཡུལ་ཨ་རིའི་དཔོན་རིགས་ཡུས་རྨའོ་ཁྲུན་ནི། དེ་སྔོན་ཨ་རིའི་སྲིད་འཛིན་Trumpསྲིད་གཞུང་སྐབས་ཨ་རིའི་ཕྱི་སྲིད་དྲུང་ཆེ་Pompeo གྱི་སྲིད་བྱུས་འཆར་བཀོད་ཁང་གི་རྒྱ་ནག་སྲིད་བྱུས་ལས་དོན་ཐད་ཀྱི་སློབ་སྟོན་པ་དང་། ད་ལྟ་Hudson ཞིབ་འཇུག་ལྟེ་གནས་ཁང་གི་རྒྱ་ནག་ལས་དོན་ཐད་ཀྱི་འགན་འཛིན་ཡིན་པ་རེད། 
སྐུ་ཞབས་Todd Stein ལགས་ནི་རྒྱུན་རིང་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་ཞིང་། ཁོང་ཕྱི་ལོ་༢༠༢༡ལོ་ནས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ལས་བྱེད་པའི་ཁྲོད་ནས་འགན་འཛིན་གཞོན་པའི་མཛད་འགན་བཞེས་བཞིན་པ་དང་།  དེ་སྔོན་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་སྐུ་ཚབ་ལྕམ་Sarah Sewell ལགས་ཀྱི་སློབ་སྟོན་པ་ཡང་གནང་མྱོང་ཞིང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དུ་ལོ་མང་ཕྱག་ལས་གནང་མྱོང་ཡོད་པ་རེད། 

གསར་འགོད་པ། ཆོས་སྐྱིད།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org