ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག

ཟླ་འདིའི་ནང་ཨ་རིས་རྒྱ་ནག་གི་ནང་འདྲེན་ཅ་དངོས་ཐོག་སྒོ་ཁྲལ་བརྒྱ་ཆ་ ༡༤༥ བཀལ་བའི་ཡ་ལན་དུ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་བརྒྱ་ཆ་ ༡༢༥ བར་བཀལ་བ་སོགས། ཨ་རྒྱ་གཉིས་དབར་ཚོང་དམག་གི་ཛ་དྲག་གནས་སྟངས་ཀྱི་དུས་སྐབས་འདིར། རྒྱ་ནག་གཞུང་ངོས་ནས་གལ་ཏེ་ཨ་རིས་རྒྱ་ནག་དང་ཚོང་འབྲེལ་གྲོས་མོལ་བྱས་ཚེ་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག

རྒྱ་ནག་གི་ཀོང་ཏུང་ཞིང་ཆེན་གྱི་ཤིན་ཀྲེན་གྲོང་ཁྱེར་ནང་གི་ཡན་ཐེན་འགག་སྒོར་སྣོད་འཛིན་སྐྱེལ་འདྲེན་རླངས་འཁོར་ཞིག་འགྲོ་བཞིན་པའི་པར་རིས། ༢༠༢༥།༠༤།༡༧ ཉིན། (Tingshu Wang/Reuters)

ཟླ་བ་ ༤ པའི་ནང་ཨ་རིས་རྒྱ་ནག་གི་ནང་འདྲེན་ཅ་དངོས་ཐོག་སྒོ་ཁྲལ་བརྒྱ་ཆ་ ༡༤༥ བཀལ་བའི་ཡ་ལན་དུ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་བརྒྱ་ཆ་ ༡༢༥ བར་བཀལ་བ་སོགས། ཨ་རྒྱ་གཉིས་དབར་ཚོང་དམག་གི་ཛ་དྲག་གནས་སྟངས་ཀྱི་དུས་སྐབས་འདིར། རྒྱ་ནག་གཞུང་ངོས་ནས་གལ་ཏེ་ཨ་རིས་རྒྱ་ནག་དང་ཚོང་འབྲེལ་གྲོས་མོལ་བྱས་ཚེ་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག

དེ་འབྲེལ་ (CNN) གསར་ཁང་གིས་ཟླ་ ༤ ཚེས་ ༢༥ རེས་གཟའ་སངས་ཉིན་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ (memory chips) ལས་གཞན་པའི་སྣུམ་འཁོར་དང་གློག་ཀླད་འཕྲུལ་འཁོར་ནང་མཁོ་ཆས་(Semiconductor) ཞེས་པའི་གློག་རྡུལ་གྱི་ཡོ་ཆས་རིགས་བརྒྱད་ལ་སྒོ་ཁྲལ་གུ་ཡངས་ལག་བསྟར་བྱས་ཡོད་པ་རེད་འདུག་ལ། ནང་འདྲེན་བྱེད་མཁན་ཚོར་དེ་འབྲེལ་སྒོ་ཁྲལ་གུ་ཡངས་ཀྱི་གནད་དོན་སྐོར་ཅ་དངོས་ཞིབ་བཤེར་སྐབས་བརྡ་ལན་སྤྲད་ཡོད་པ་ལས་གཞུང་འབྲེལ་གསལ་བསྒྲགས་བྱས་མེད་པ་རེད་འདུག་ཅིང་། སྒོ་ཁྲལ་དེ་དག་སྤྲད་ཟིན་པའི་ཚོང་ལས་ཁང་ཚོར་དངུལ་ཕྱིར་འཐོབ་སྲིད་པ་བརྗོད་འདུག མ་ཟད་ (Bloomberg) གསར་ཁང་གིས། རྒྱ་ནག་གཞུང་ནས་སྨན་བཅོས་མཁོ་ཆས་དང་བཟོ་ལས་རྫས་སྦྱོར་དཔེར་ན་ (ethane) ལྟ་བུར་སྒོ་ཁྲལ་ཆག་ཡངས་གཏོང་རྒྱུར་བསམ་གཞིག་བྱེད་བཞིན་ཡོད་སྐོར་གྱི་གནས་ཚུལ་སྤེལ་འདུག

རྒྱ་ནག་ནི་འཛམ་གླིང་གི་འགྱིག་རིགས་ཐོན་སྐྱེད་བྱེད་མཁན་ཆེ་ཤོས་ཡིན་ཞིང་། དེའི་བཟོ་གྲྭ་མང་པོ་ཞིག་ཨ་རི་ནས་ཐོན་པའི་(ethane) ལ་བརྟེན་དགོས་ཤིང་། རྒྱ་ནག་གི་སྨན་ཁང་ཁག་ཀྱང་ཨ་རིའི་བཟོ་ཚོང་ཁང་ཁག་གིས་བཟོ་སྐྲུན་བྱས་པའི་དུས་རབས་དང་མཐུན་པའི་སྨན་བཅོས་མཁོ་ཆས་དཔེར་ན་ (MRI) ཞེས་པའི་བརྟག་དཔྱད་འཕྲུལ་ཆས་ལྟ་བུར་བརྟེན་དགོས་པ་ཞིག་ཡིན་པ་རེད་འདུག

གོང་འཁོད་གསར་འགྱུར་བརྒྱུད་ལམ་ཁག་གིས་སྤེལ་བའི་གནས་ཚུལ་དེ་དག་ནི། ཨ་རྒྱ་གཉིས་དབར་ཚོང་དོན་རྩོད་རྙོག་ཇེ་སྡུག་ཏུ་སོང་བཞིན་པའི་དུས་སྐབས་འདིར། རྒྱ་ནག་གིས་ཨ་རིར་གལ་ཏེ་ཁོང་ཚོས་ཚོང་འབྲེལ་གྲོས་མོལ་བྱ་འདོད་ཡོད་ཚེ་རྒྱ་ནག་ཕྱོགས་ནས་ཚོང་ཁྲལ་ཡོངས་སུ་མེད་པར་གཏོང་དགོས་ཞེས་བརྗོད་པའི་རྗེས་སུ་བྱུང་བ་ཞིག་ཡིན་འདུག

དེ་འབྲེལ་ཟླ་ ༤ ཆེས་ ༢༤ ཉིན་རྒྱ་ནག་གི་ཚོང་དོན་ལྷན་ཁང་གི་མགྲིན་ཚབ་པ་ (He Yadong) གིས། ཨ་རིས་རྒྱ་ནག་དང་གྲོས་མོལ་བརྒྱུད་ཕྱོགས་གཉིས་ཀྱི་བསམ་ཚུལ་མི་མཐུན་པ་རྣམས་སེལ་ཐབས་འཚོལ་དགོས་ཞེས་བརྗོད་ཡོད་པ་རེད་འདུག

ཨ་རིའི་སྲིད་འཛིན་ཊམཔ་ཡིས་རྒྱ་ནག་དང་ལྷན་དཔལ་འབྱོར་དང་ཚོང་འབྲེལ་གྲོས་མོལ་བྱེད་བཞིན་ཡོད་སྐོར་སོགས་བརྗོད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་ངོས་ནས་ད་ལྟའི་ཆར་ཨ་རྒྱ་གཉིས་དབར་དཔལ་འབྱོར་དང་ཚོང་འབྲེལ་གྱི་གྲོས་མོལ་གང་ཡང་བྱུང་མེད་སྐོར་བརྗོད་བཞིན་ཡོད་པ་རེད་འདུག

མ་ཟད་ཟླ་ ༤ ཚེས་ ༢༢ རེས་གཟའ་མིག་དམར་ཉིན་ཨ་རིའི་སྲིད་འཛིན་ཊམཔ་ཡིས་ཕོ་བྲང་དཀར་པོའི་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས། ཨ་རིས་རྒྱ་ནག་གི་ཅ་དངོས་ཐོག་བརྒྱ་ཆ་ ༡༤༥ བཀལ་བ་ནི་ཧ་ཅང་མཐོ་པོ་ཡིན་པར་ངོས་ལེན་གྱིས། རྒྱ་ནག་ཐོག་ཚོང་ཁྲལ་ཉུང་དུ་གཏོང་རྒྱུ་ཡིན་ཡང་ཆ་ཚང་ཉུང་དུ་བཏང་ནས་ཚོང་ཁྲལ་ཀླད་ཀོར་དུ་འགྱུར་རྒྱུ་མིན་ཞེས་གསུངས་འདུག་ཅིང་། དེ་སྔ་ཡང་སྲིད་འཛིན་ཊམཔ་ཡིས། ཝ་ཤིང་ཊོན་དང་པེ་ཅིན་གཉིས་དབར་སྒོ་ཁྲལ་སྐོར་གྲོས་མོལ་བྱེད་བཞིན་ཡོད་པ་དང་། འཛམ་གླིང་གི་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཤོས་གཉིས་ཀྱིས་ཡོང་རྒྱུའི་བདུན་ཕྲག་གསུམ་ནས་བཞིའི་ནང་གྲོས་མཐུན་ཞིག་ལ་བསླེབས་རྒྱུ་ཡིན་པའི་ཡིད་ཆེས་ཡོད་ཅེས་བརྗོད་ཡོད་ཀྱང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐད་ཀར་བཀའ་མོལ་བྱུང་ཡོད་མེད་སྐོར་གཏན་འཁེལ་བྱ་རྒྱུར་ཁས་ལེན་གནང་མེད་པ་རེད་འདུག

རྩ་བའི་སྲིད་འཛིན་ཊམཔ་ཡིས་ཨ་རིའི་གཞུང་གིས་རྒྱལ་ཁབ་མང་དག་གཅིག་ལ་བཀལ་བའི་སྒོ་ཁྲལ་དེ་བཞིན་ཉེ་ལམ་ཉིན་དགུ་བཅུའི་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས་བྱས་རྗེས། རྒྱལ་ཁབ་བདུན་བཅུ་ལྷག་གིས་ཚོང་འབྲེལ་གྲོས་མོལ་མུ་མཐུད་བྱ་འདོད་ཡོད་ཅེས་བརྗོད་ཡོད་སྐོར་གསུངས་ཡོད་པར། ཟླ་ ༤ ཚེས་ ༢༡ ཉིན་རྒྱ་ནག་གཞུང་གི་ཚོང་དོན་ལྷན་ཁང་གི་མགྲིན་ཚབ་པས། རྒྱ་ནག་གི་ཁེ་ཕན་ལ་གནོད་པའི་ཨ་རི་དང་གྲོས་མཐུན་འཇོག་མཁན་རྒྱལ་ཁབ་ཚང་མར་ངོ་རྒོལ་ཤུགས་ཆེ་ཡོད་པའི་ཉེན་བརྡ་བཏང་འདུག་ལ། རྒྱལ་ཁབ་གཞན་ཞིག་གི་ཁེ་ཕན་ལ་གནོད་པའི་ཐོག་ནས་སྒོ་ཁྲལ་ཆག་ཡང་འཚོལ་ཐབས་བྱས་པ་དེས། མཐའ་མཇུག་ཏུ་དེ་ལས་ལྡོག་སྟེ་འབྲེལ་ཡོད་ཕྱོགས་ཚང་མར་གནོད་སྐྱོན་བཟོ་ངེས་རེད་ཅེས་བརྗོད་པ་སོགས་ཨ་རྒྱ་གཉིས་དབར་ཚོང་འབྲེལ་རྩོད་རྙོག་ནི་ཐབས་ལམ་སྣ་མང་བརྒྱུད་འབྱུང་བཞིན་ཡོད་པ་རེད།

གསར་འགོད་པ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།




2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org