རྒྱ་ནག་གཞུང་གིས་ཕྱི་རྒྱལ་མི་སེར་ཚོའི་ཆོས་ལུགས་ལས་དོན་ཐད་སྟངས་འཛིན་བྱེད་འཆར།
རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་མི་སེར་ཚོས་ཆོས་ལུགས་ལས་དོན་སྤེལ་ཕྱོགས་ཐད་དམ་དྲག་བྱེད་རྒྱུའི་སྒྲིག་གཞི་ཞིག་ཟིན་བྲིས་སུ་བཏབ་ནས་འདོན་སྤེལ་བྱས་འདུག
-
2020-11-25 -
-
-
རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་མི་སེར་ཚོས་ཆོས་ལུགས་ལས་དོན་སྤེལ་ཕྱོགས་ཐད་དམ་དྲག་བྱེད་རྒྱུའི་སྒྲིག་གཞི་ཞིག་ཟིན་བྲིས་སུ་བཏབ་ནས་འདོན་སྤེལ་བྱས་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་རྒྱ་ནག་ནང་ཕྱི་རྒྱལ་གྱི་མི་སེར་ཚོས་ཆོས་ལུགས་ཀྱི་ལས་དོན་སྤེལ་བཞིན་པའི་ཐད་དམ་དྲག་བྱེད་རྒྱུའི་སྒྲིག་གཞིའི་ཟིན་བྲིས་ཞིག་ཕྱི་ཟླ་ ༡༡ཚེས་༡༨ཉིན་འདོན་སྤེལ་བྱས་ཡོད་ཅིང་། དེའི་ནང་རྒྱ་ནག་ནང་དུ་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ཁག་གིས་ཆོས་ལུགས་དང་འབྲེལ་བའི་ཚོགས་འདུ་སོགས་འདུ་སྐོང་མི་ཆོག་པ་དང་། ཕྱི་རྒྱལ་བ་ཚོས་ཆོས་ཕྱོགས་ཀྱི་ལས་དོན་སྤེལ་བ་ཁག་ལ་རྒྱ་ནག་གཞུང་གི་ཆོག་མཆན་དགོས་པའི་དགོས་འདུན་གསལ་གསལ་ཡོད་པ་རེད།
སྒྲིག་གཞིའི་ཟིན་བྲིས་དེ་ལག་བསྟར་བྱས་ཚེ་རྒྱ་ནག་ནང་དུ་ཆོས་ལུགས་ཐོག་ནས་རང་དབང་གི་བསམ་བློ་དང་ལྟ་གྲུབ་ཁྱབ་གདལ་གྱི་ལམ་ལུགས་ཁག་ལ་སྟངས་འཛིན་དང་དོ་དམ་བྱེད་རྒྱུའི་ཆེད་དམིགས་བཅང་བྱེད་ཀྱི་ཡོད་པ་གནད་དོན་དབྱེ་ཞིབ་པ་དང་བརྒྱུད་ལམ་ཁག་གིས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་གི་ཁྲིམས་ལུགས་དབང་འཛིན་ལས་ཁུངས་ཀྱིས་འདོན་སྤེལ་བྱས་བའི་སྒྲིག་གཞིའི་ཟིན་བྲིས་དེ། ལེའུ་ལྔ་དང་སྒྲིག་གཞི་དོན་ཚན་༤༠དེའི་ནང་། གལ་ཏེ་རྒྱ་ནག་ནང་ཕྱི་རྒྱལ་མི་སེར་ཞིག་གིས་ཆོས་ལུགས་ཀྱི་ཚོགས་འདུ་རིགས་འདུ་སྐོང་བྱ་དགོས་ཚེ། ས་གནས་རྫོང་དང་ཞིང་ཆེན་རིམ་པ་སོགས་ནས་ཆོག་མཆན་ཞུ་དགོས་པ་དང་། དགོན་པ་དང་ཆོས་ཁང་ཁག་ནས་འདུ་འཛོམས་དང་ཆོས་ཕྱོགས་ཀྱི་ལས་དོན་གང་འདྲ་ཞིག་སྤེལ་རུང་སྔོན་ཚུད་ནས་ཁ་གསལ་བཟོ་དགོས་ཤིང་། རྒྱ་ནག་གཞུང་གིས་ཤེས་རྟོགས་དགོས་པའི་ཆ་རྐྱེན་བཏོན་ཡོད་པ་རེད།
སྲིད་འཛིན་ཞི་ཅིན་ཕིང་གིས་དབང་ཆ་བཟུང་རྗེས་བོད་བརྒྱུད་ནང་ཆོས་དང་། ཤིན་ཅིང་ཡུ་གུར་ཁ་ཆེ་སོགས་གྲངས་ཉུང་མི་རིགས་ཀྱི་ཆོས་དད་རྒྱ་ནག་དམར་ཤོག་གི་ངོ་བོ་ཅན་དུ་གྱུར་དགོས་པ་བརྗོད་ཀྱི་ཡོད་ཅིང་། བོད་ནང་ཆ་མཚོན་ན། དགོན་པའི་ནང་གྲྭ་རྒྱུན་ཆོས་ཞུགས་ལ་གཞུང་གི་དོ་དམ་སྟངས་འཛིན་ནན་པོ་དང་། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་རྒྱུར་གཞུང་གི་ཆོག་མཆན་དགོས་པ། དགོན་པའི་ནང་འགྲོ་འདུག་སྤྱོད་གསུམ་ལ་སྔར་དང་མི་འདྲ་བའི་དོ་དམ་ནན་པོ་བྱེད་བཞིན་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་ཡེ་ཤུའི་བླ་ཆེན་པོཔ་ཧྥ་རན་སིས་མཆོག་གིས་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་བ་རྣམས་སྡུག་སྦྱོང་མྱོང་བཞིན་པའི་མི་རིགས་ཞིག་ཡིན་པ་གསུང་ཡོད་པ་དང་། དེ་ནི་ཡི་ཤུའི་བླ་ཆེན་མཆོག་གིས་གླེང་སློང་གནང་བ་ཐེངས་དང་པོ་ཡིན་པ་རེད།