རྒྱ་གཞུང་གིས་བཏོན་པའི་འགྲོ་བ་མིའི་ཐོབ་ཐང་གི་འཆར་གཞི་།
རྒྱ་ནག་མི་མང་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུར་ད་དུང་ཡང་ལམ་ཐག་ཧ་ཅང་རིང་པོ་ཡོད་པ་ཡིག་ཆའི་ནང་བཀོད་འདུག
-
2012-06-13 -
-
-
༄༅༎རྒྱ་ནག་གཞུང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལས་དོན་འཆར་གཞི་ཞེས་པའི་ཡིག་ཆ་ཞིག་གཟའ་ཟླ་བའི་ཉིན་བཏོན་ཡོད་པ་དང་ ཡིག་ཆ་དེའི་ནང་རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་གྱིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུར་ད་དུང་ཡང་ལམ་ཐག་ཧ་ཅང་རིང་པོ་ཡོད་པ་བརྗོད་ཡོད་པ་རེད་ རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལས་དོན་འཆར་གཞི་ཞེས་པའི་ཡིག་ཆ་དེ་བཞིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་དྲིལ་བསྒྲགས་ལས་ཁང་གིས་བཏོན་པ་ཞིག་ཡིན་པ་དང་ འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཡིག་ཆ་དེ་རིགས་རྒྱ་ནག་གཞུང་གིས་ད་རེས་བཏོན་ཐེངས་གཉིས་པ་དེ་ཡིན་པ་དང་ དང་པོ་དེ་བཞིན་ཕྱི་ལོ་ཉིས་སྟོང་བཅུ་ལོར་བཏོན་ཡོད་ཅིང་ ཡིག་ཆ་དང་པོ་དེའི་ནང་ཕྱི་ལོ་ཉིས་སྟོང་དགུ་ལོ་དང་བཅུ་ལོའི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་འཆར་གཞི་ཁག་འཁོད་ཡོད་པ་དང་ ད་རེས་ཀྱི་ཡིག་ཆ་དེའི་ནང་ ཕྱི་ལོ་ཉིས་སྟོང་བཅུ་གཉིས་ནས་བཅོ་ལྔ་ལོ་བར་གྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་འཆར་གཞི་ཁག་འཁོད་ཡོད་པ་རེད་ ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོ་ནས་ཉིས་སྟོང་བཅོ་ལྔ་ལོ་བར་གྱི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་འཆར་གཞི་ཞེས་པའི་ཡིག་ཆ་དེའི་ནང་ད་དུང་རང་བཞིན་དང་ལོ་རྒྱུས་རིག་གཞུང་སོགས་ཀྱི་ཤུགས་རྐྱེན་དང་ཚོད་འཛིན་ཡོད་པའི་ཐོག་ ད་ལྟའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རིམ་བཅས་ལ་བལྟས་ནས་ རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་འགྲོ་རྒྱུར་དགེ་སྐྱོན་མང་པོ་ཞིག་’ཕྲད་མུས་ཡིན་པར་བརྟེན་ མང་ཚོགས་ལ་འགྲོ་བ་མིའི་ཐོབ་ཐང་ཡོངས་སུ་ལོངས་སྤྱོད་བྱ་རྒྱུར་ད་དུང་ཡང་ལམ་ཐག་རིང་པོ་ཞིག་ཡོད་པ་འཁོད་ཡོད་པ་རེད་ ཡིན་ནའི་རྒྱ་ནག་གཞུང་གིས་ འགྲོ་བ་མིའི་ཐོབ་ཐང་ལས་དོན་འཆར་གཞི་ཞེས་པ་དེ་བཏོན་དགོས་དོན་ནི་ རིང་མིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཚོགས་ཀྱི་ཡོད་པར་དམིགས་ནས་བཏོན་པ་ཞིག་ཡིན་པ་ལས་ རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུར་དམིགས་ནས་བཏོན་པ་ཞིག་མིན་པ་རེད་ཅེས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་སྐྱོན་བརྗོད་གནང་མཁན་ཚོས་གསུང་གི་ཡོད་ཅིང་ བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དེ་རིང་དེའི་སྐོར་གསལ་བསྒྲགས་ཤིག་ཕྱིར་བསྒྲགས་གནང་ཡོད་པའི་ནང་ རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལས་དོན་འཆར་གཞི་ཞེས་པ་བཏོན་ནས་དེ་ལག་བསྟར་བྱས་ཏེ་རྒྱ་ནག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་འགྲོ་སྲིད་མིན་བཤད་ཁག་པོ་ཡིན་པ་འཁོད་ཡོད་པ་རེད་