རྒྱ་ནག་ནང་ཁྲིམས་འགལ་གྱི་ཐོག་ནས་མིའི་དབང་པོ་ཚོང་བསྒྱུར།

རྒྱ་ནག་ནང་ཁྲིམས་འགལ་གྱི་ཐོག་ནས་མིའི་དབང་པོ་ཕྱི་རྒྱལ་ནས་ཡོང་པའི་མི་ཚོར་ཚོང་བསྒྱུར་བྱ་མཁན་གྱི་སྨན་ཁང་གསུམ་ལ་ཉེས་ཆད་བཏང་འདུག

༄༅༎རྒྱ་ནག་གཞུང་གི་འཕྲོད་བསྟེན་ལས་ཁང་ནས་ཁྲིམས་འགལ་གྱི་ཐོག་ནས་མིའི་དབང་པོ་ཕྱི་རྒྱལ་ནས་ཡོང་པའི་མི་ཚོར་ཚོང་བསྒྱུར་བྱ་མཁན་གྱི་སྨན་ཁང་གསུམ་ལ་ཉེས་ཆད་བཏང་ཡོད་ལུགས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་འཕྲོད་བསྟེན་བློན་ཆེན་གཞོན་པ་ཧོང་ཅེ་ཕུས་འགྲེལ་བརྗོད་གནང་འདུག

ཁོང་གིས་ཉེས་ཆད་ཕོག་ཡུལ་གྱི་སྨན་ཁང་དང་སྨན་པ་བཅས་ཀྱི་མིང་འདོན་གནང་མིན་འདུག་ལ་དེ་བཞིན་དབང་པོ་གང་ཞིག་ཚོང་བསྒྱུར་བྱས་ཡོད་མིན་དང་ཉེས་ཆད་ཀྱི་ངོ་བོ་ཇི་ཡིན་སོགས་ཀྱང་གསལ་བཤད་གནང་མེད་པ་རེད། འོན་ཀྱང་ཧོང་ཅེ་ཕུས་རྒྱལ་ཡོངས་སྨན་སློབ་ཀྱི་ཚོགས་འདུའི་ཐོག་གཏམ་བཤད་ཅིག་གནང་སྐབས་ཁོང་གིས་ཁྲིམས་འགལ་གྱི་ཐོག་ནས་ལས་དོན་དེ་རིགས་སྤེལ་མཁན་ཚོ་སྨན་ཁང་དང་སྨན་པ་དེ་དག་གི་ལས་ཀ་བྱ་རྒྱུའི་ཆོག་མཆན་ཤོར་སྲིད་པའི་ཉེན་བརྡ་བཏང་ཡོད་པ་རེད།

རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་ལྟར་ན་དབང་པོ་བརྗེ་བསྒྲུར་དེ་དགོས་ཅན་གྱི་ནང་མི་ཕན་ཚུན་མ་གཏོགས་བྱ་ཆོག་གི་མེད་ན་ཡང་ཁྲིམས་འགལ་གྱི་ཐོག་ནས་ཚོང་བསྒྱུར་བྱ་མཁན་ནི་རྒྱ་ནག་ནང་ཡོངས་ཁྱབ་ཀྱི་གནས་ཚུལ་ཞིག་ཡིན་པ་རེད།

རྒྱ་ནག་གཞུང་འབྲེལ་གྱི་སྡོམ་ཐོ་ཞིག་བཏོན་ཡོད་པ་དེའི་ནང་ལོ་ལྟར་རྒྱ་ནག་ནང་མི་ས་ཡ་གཅིག་དང་ཕྱེད་ཀ་ཙམ་ལ་དབང་པོ་བརྗེ་བསྒྱུར་དགོས་ཀྱི་ཡོད་ན་ཡང་དངོས་སུ་དགོས་ཅན་གྱི་དབང་པོ་ཁྲི་གཅིག་ཙམ་ལས་འབྱུང་ཁུངས་མེད་པ་དང་ད་ཆ་རྒྱ་ནག་གཞུང་ཕྱོགས་ནས་སྨན་ཁང་ཁག་ལ་དབང་པོ་བརྗེ་བསྒྱུར་གྱི་ལག་བསྟར་ཆོག་པའི་ཆོག་མཆན་སྤྲོད་རྒྱུར་དམ་འཛིན་བྱ་རྒྱུ་ཡིན་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org