ཧོང་ཀོང་གི་ཆབ་སྲིད་མི་སྣར་རྒྱ་ནག་གིས་ཉེས་འཛུགས།
ཧོང་ཀོང་གི་ཚོང་པ་གྲགས་ཅན་དང་ཆབ་སྲིད་མི་སྣ་ཞིག་རྒྱ་ནག་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་མིའི་ཁོངས་ནས་ཕྱིར་འབུད་བྱས་འདུག
-
2014-10-29 -
-
-
ཧོང་ཀོང་གི་ཚོང་པ་གྲགས་ཅན་དང་ཆབ་སྲིད་མི་སྣ་ཞིག་རྒྱ་ནག་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་མིའི་ཁོངས་ནས་ཕྱིར་འབུད་བྱས་འདུག
དེ་ཡང་ཧོང་ཀོང་གི་ཚོང་པ་གྲགས་ཅན་དང་ཆབ་སྲིད་མི་སྣ་ཡིན་པ་James Tienཞུ་བས་ཧོང་ཀོང་གི་དབུ་ཁྲིད་Leung Chun-yingཡིས་འདས་པའི་ཟླ་བ་གཅིག་ཙམ་ནས་བཟུང་ངོ་རྒོལ་བྱེད་མཁན་རྣམས་བཀག་མ་ཐུབ་པར་བརྟེན་ཁོས་ལས་གནས་ནས་དགོངས་པ་ཞུས་ན་ལེགས་པ་ཡོད་ལུགས་གསུངས་ཡོད་པ་དང་། དེར་རྒྱ་ནག་གཞུང་ཁོང་ཁྲོ་ལངས་ཏེ་ཁོང་རྒྱ་ནག་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་མིའི་ཁོངས་ནས་ཕྱིར་འབུད་བྱས་འདུག དེ་ནི་རྒྱ་ནག་གཞུང་གིས་གཞུང་དང་ཆབ་སྲིད་ཀྱི་བལྟ་བ་མི་མཐུན་པ་ཚོར་རྒྱབ་སྐྱོར་བྱས་པ་ཡིན་ན་བཟོད་སྒོམ་མི་ཐུབ་པའི་མཚོན་རྟགས་གསལ་པོ་ཞིག་ཡིན་པ་རེད། རྒྱ་ནག་གཞུང་གིས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་མི་དམངས་ཆབ་སྲིད་གྲོས་ཚོགས་ཚོགས་ཐེངས་༡༢པའི་ཐོག་ནས་James Tienལགས་ཀྱི་མཚན་ཕྱིར་བསྡུ་བྱ་རྒྱུའི་ཐག་ཆོད་གནང་བ་ཞིག་ཡིན་ལུགས་གསུངས་པ་ལས་ཞིབ་གསལ་གང་ཡང་འགྲེལ་བརྗོད་བྱས་མིན་འདུག
སྐུ་ཞབས་James Tien ་ཀྱི་སྤུན་མཆེད་ཆུང་བ་ཧོང་ཀོང་གི་ཆབ་སྲིད་མི་སྣ་ཡིན་པ་Michael ལགས་ཀྱིས་ཕ་རན་སི་གསར་འགྱུར་ལས་ཁང་ལ་རྒྱ་ནག་གཞུང་གིས་ཁོང་གི་གཅེན་པོས་ཧོང་ཀོང་གི་དབུ་ཁྲིད་ལ་རྒྱབ་སྐྱོར་མ་བྱས་པར་རྒྱལ་ཞེན་མེད་པའི་གཏམ་བཤད་བྱས་པའི་ཉེས་འཛུགས་བྱས་ནས་ཉེས་པ་བཏང་བ་ཞིག་རེད་ཅེས་གསུངས་འདུག བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན་James Tienལགས་ཀྱིས་རྒྱ་ནག་གི་སྔ་དྲོའི་ཕོ་ཉ་ཞེས་པའི་གསར་ལས་ཁང་ལ། ཧོང་ཀོང་གི་མི་མང་ཚོས་ཁྲིམས་ཁང་གིས་རང་རང་གི་ནང་ལ་ལོག་དགོས་པའི་བཀའ་ལ་སྣང་མེད་གཏོང་གི་ཡོད་པ་དང་། མང་གཙོར་རྒྱབ་སྐྱོར་ཞུ་མཁན་ཚོས་གཞུང་ལ་མུ་མཐུད་ངོ་རྒོལ་ཞུ་བཞིན་པའི་གནས་སྟངས་འདི་འདྲའི་འོག་ཧོང་ཀོང་གི་དབུ་ཁྲིད་Leungཡིས་གཞུང་གང་ལྟར་བསྐྱངས་ཐུབ་ཀྱི་རེད་དམ་ཞེས་གསུངས་ཡོད་པ་རེད།
གསར་འགོད་པ་ཚེ་དབང་དངོས་གྲུབ།