རྒྱ་ནག་གི་སྲིད་བློན་ལྕམ་ཨང་སང་སུ་ཅི་དང་མཇལ་འཆར་མེད།

རྒྱ་ནག་གི་སྲིད་བློན་ཕྱོགས་བསྐྱོད་སྐབས་ལྕམ་ཨང་སང་སུ་ཅི་དང་མཇལ་འཕྲད་གནང་འཆར་མེད་རུང་རོཊ་སྐྱོར་མང་པོ་གནང་འཆར་འདུག

རྒྱ་ནག་གི་སྲིད་བློན་Li Keqiangདང་ལྕམ་ཨང་སང་སུ་ཅི་མཆོག དྲ་བཤུས

རྒྱ་ནག་གི་སྲིད་བློན་ནོ་བེལ་ཞི་བདེའི་གཟེངས་རྟཊ་བཞེས་མཁན་ལྕམ་ཨང་སང་སུ་ཅི་དང་མཇལ་འཕྲད་གནང་འཆར་མེད་རུང་རོཊ་སྐྱོར་མང་པོ་གནང་འཆར་འདུག
དེ་ཡང་རྒྱ་ནག་གི་སྲིད་བློན་Li Keqiangབདུན་ཕྲག་རྗེས་མར་མ་ཡན་མར་ནང་གཞུང་འབྲེལ་གཟིགས་སྐོར་ལ་ཕེབས་སྐབས་ཡུལ་དེའི་མང་གཙོ་ཚོགས་པའི་དབུ་ཁྲིད་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་ཨང་སང་སུ་ཅི་མཆོག་དང་མཇལ་འཕྲད་གནང་འཆར་མེད་རུང་མ་ཡན་མར་ལ་རོགས་སྐྱོར་གསར་པ་མང་པོ་གནང་རྒྱུ་དང་ཚོང་འབྲེལ་མང་པོ་བྱེད་འཆར་གྱི་གསལ་བསྒྲགས་གནང་འཆར་འདུག ལོ་བཞིའི་གོང་ལ་མ་ཡན་མར་ནང་ཆབ་སྲིད་བཅོས་བསྒྱུར་མ་བཏང་གོང་དང་ནུབ་ཕྱོགས་ཡུལ་གྲུ་ཁག་གིས་ཡུལ་དེའི་ཐོག་དཔལ་འབྱོར་ཉེས་ཆད་བཀལ་སྐབས་མ་ཡན་མར་དང་རྒྱ་ནག་གཉིས་དབར་འབྲེལ་ལམ་དམ་ཟབ་ཡོད་པ་རེད། རྒྱ་ནག་གཞུང་གིས་ལྕམ་ཨང་སང་སུ་ཅི་མཆོག་ལ་འབྲེལ་བ་ཞུ་འདོད་ཡོད་མིན་ལ་མ་ལྟོས་པར་ཨ་མེ་རི་ཀས་རྒྱབ་སྐྱོར་བྱས་པའི་མ་ཡན་མར་གྱི་གཞུང་འཛིན་གསར་པ་སླེབས་པའི་རྗེས་སུ་རྒྱ་ནག་གིས་ཡུལ་དེར་དོགས་པ་ཆེན་པོའི་སྒོ་ནས་རྟོག་ཞིབ་བྱེད་བཞིན་ཡོད་འདུག རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་Liu Zhenmin ཡིས་སྲིད་བློན་Li Keqiangབདུན་ཕྲག་རྗེས་མར་མངའ་ཁུལ་དེའི་ཆེས་མཐོའི་ཚོགས་འདུ་ཞིག་ལ་མཉམ་བཞུགས་གནང་ཕྱིར་མ་ཡན་མར་ནང་གཞུང་འབྲེལ་གཟིགས་སྐོར་ཐེངས་དང་པོ་དེ་གནང་འཆར་ཡོད་ན་ཡང་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ལྕམ་ཨང་སང་སུ་ཅི་མཆོག་དང་། མཇལ་འཕྲད་གནང་རྒྱུའི་འཆར་གཞི་མེད་ལུགས་དང་། རྒྱ་ནག་གི་སྲིད་བློན་མ་ཡན་མར་ནང་དུས་ཡུན་ཐུང་རིང་ཕེབས་དོན་གཙོ་ནི་ཡུལ་དེའི་སྲིད་འཛིན་Thein Sein མཆོག་དང་མཇལ་འཕྲད་བཀའ་མོལ་གནང་རྒྱུ་དང་། དེ་བཞིན་མ་ཡན་མར་གྱི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་མཇལ་འཕྲད་གནང་རྒྱུ་ལས་མི་སྣ་གཞན་མཇལ་འཕྲད་གནང་རྒྱུའི་འཆར་གཞི་མེད་སྐོར་དེ་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་གསར་འགོད་ལྷན་ཚོགས་ཤིག་གི་སར་བརྗོད་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org