རྒྱ་ནག་ཏུ་གློག་ཁང་འཛུགས་བསྐྲུན་ལས་གཞིར་ཡུལ་མིས་ངོ་རྒོལ།
རྒྱ་ནག་ལྷོ་ཕྱོགས་ཀྱི་ཀོང་ཏུང་ཞིང་ཆེན་ནང་ས་གནས་ཉེན་རྟོག་མི་སྣས་ངོ་རྒོལ་བ་རྣམས་དོ་དམ་འཛིན་བཟུང་བྱེད་འགོ་ཚུགས་ཡོད་འདུག
-
2011-12-22 -
-
-
༄༅༎རྒྱ་ནག་ལྷོ་ཕྱོགས་ཀྱི་ཀོང་ཏུང་ཞིང་ཆེན་ནང་གློག་ཁང་འཛུགས་བསྐྲུན་ཀྱི་ལས་གཞིར་ས་གནས་ཡུལ་མི་ཚོས་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་བསྟུད་མར་སྤེལ་ཏེ་ ཉིན་གཉིས་པའི་སྐབས་ས་གནས་ཉེན་རྟོག་མི་སྣས་ངོ་རྒོལ་བ་རྣམས་དོ་དམ་འཛིན་བཟུང་བྱེད་འགོ་ཚུགས་ཡོད་པའི་གནས་ཚུལ་ཐོན་འདུག་༎
རྒྱ་ནག་ལྷོ་ཕྱོགས་ཀོང་ཏུང་ཞིང་ཆེན་གྱི་ཧའེ་མེན་ཞེས་པའི་གྲོང་ཁྱེར་ནང་ས་གནས་གཞུང་གིས་ནུས་ཤུགས་མཁོ་འདོན་ཆེད་གློག་ཁང་རྒྱ་སྐྱེད་དང་གསར་འཛུགས་བྱ་རྒྱུའི་ལས་འཆར་བཀོད་སྒྲིག་བྱས་ཡོད་པ་རེད་ ལས་འཆར་དངོས་སུ་འགོ་ཚུགས་རན་པའི་སྐབས་ཧའེ་མེན་གྲོང་ཁྱེར་ས་གནས་མི་མང་ཚོས་ གློག་ཁང་འཛུགས་བསྐྲུན་གྱི་ལས་གཞི་དེས་ ས་གནས་ནང་འཕྲོད་བསྟེན་གྱི་ཉེན་ཚབས་བཟོ་ཡི་ཡོད་པའི་བློ་དོགས་རྐྱེན་པས་ གློག་ཁང་འཛུགས་བསྐྲུན་གྱི་ལས་གཞི་ཕྱིར་འཐེན་བྱ་དགོས་སྐོར་ རེས་གཟའ་ལྷག་པའི་ཉིན་ གྲོང་ཁྱེར་གྱི་གཞུང་ལམ་ཨ་མའི་སྟེང་ ངོ་རྒོལ་གྱི་ལས་འགུལ་མགོ་འཛུགས་བྱས་ཤིང་ ས་གནས་ཉེན་རྟོག་པ་དང་འཁྲུགས་རྩོད་བྱུང་ཡོད་པ་རེད་ ས་ཁུལ་གྱི་ད་ལྟའི་གནས་སྟངས་གང་ཙམ་ཛ་དྲག་ཏུ་གྱུར་ཡོད་པའི་སྐོར་ཀྲེང་ཟེར་བའི་གྲོང་ཁྱེར་གྱི་མི་སེར་ཞིག་ནས་རེས་གཟའ་ཕུར་བུའི་ཉིན་ཕེརན་སི་གསར་ལས་ཁང་ལ་ཁ་པར་ཐོག་གནས་ཚུལ་ངོ་སྤྲོད་བྱས་འདུག ཁོ་པས་བརྗོད་ན་ རེས་གཟའ་ལྷག་པའི་ཉིན་ཡུལ་མི་དང་ཉེན་རྟོག་པའི་དབར་འཁྲུག་རྩོད་བྱུང་པའི་རྗེས་ ད་ཆ་གྲོང་ཁྱེར་ནང་ ཉེན་རྟོག་མི་སྣ་ཇེ་མང་འགྲེམས་འཇོག་བྱས་པ་མ་ཟད་ དྲག་ཆས་མ་སྤྲས་པའི་ཉེན་རྟོག་མི་སྣས་ རེས་གཟའ་ཕུར་བུའི་ཉིན་ ས་གནས་ཀྱི་ཡུལ་མི་གསུམ་འཛིན་བཟུང་བྱས་ཏེ་ མི་སྣ་འཛིན་བཟུང་བྱེད་འགོ་ཚུགས་ཡོད་སྟབས་ ཡུལ་མི་རྣམས་ཁང་པའི་ཕྱི་ལ་ཐོན་འགྱུར་འཛེམས་ཟོན་ཆེན་པོ་བྱེད་བཞིན་པའི་གནས་སྟངས་འགྲེལ་བརྗོད་བྱས་འདུག་༎