རྒྱ་ནག་གིས་རྒྱ་གར་ལ་མཇུག་འབྲས་ངན་པ་ཡོང་རྒྱུའི་ཉེན་བརྡ་བཏང་།
ཏཱ་ལའི་བླ་མ་བེད་སྤྱོད་བཏང་ནས་རྩེད་མོ་རྩེད་ན་མཇུག་འབྲས་ངན་པ་ཡོང་རྒྱུ་རེད་ཅེས་རྒྱ་ནག་གིས་རྒྱ་གར་ལ་ཉེན་བརྡ་བཏང་འདུག
-
2017-04-21 -
-
-
ཏཱ་ལའི་བླ་མ་བེད་སྤྱོད་བཏང་ནས་རྩེད་མོ་རྩེད་ན་མཇུག་འབྲས་ངན་པ་ཡོང་རྒྱུ་རེད་ཅེས་རྒྱ་ནག་གིས་རྒྱ་གར་ལ་ཉེན་བརྡ་བཏང་འདུག
ཉེ་ཆར་རྒྱ་ནག་གཞུང་གིས་ཨ་རུ་ཎ་ཅལ་མངའ་སྡེའི་ནང་གི་ས་གནས་དྲུག་ལ་མིང་གི་དག་ཆ་གཏན་འབེབས་གསལ་བསྒྲགས་བྱས་པར་རྒྱ་གར་གཞུང་གིས་སྐྱོན་བརྗོད་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་རྒྱ་གར་གྱི་སྐྱོན་བརྗོད་འདི་ནི་ཁུངས་ལུང་མེད་པ་ཡིན་པ་འགྲེལ་བརྗོད་བྱས་པ་མ་ཟད། རྒྱ་གར་གྱིས་ཏཱ་ལའི་བླ་མ་བེད་སྤྱོད་གཏོང་བའི་རྩེད་མོ་ཆུང་ཆུང་དེ་རྩེད་པ་ཡིན་ན་དེའི་མཇུག་འབྲས་ངན་པ་ཡོང་རྒྱུའི་ཉེན་བརྡ་སླར་ཡང་བཏང་འདུག
དེ་ཡང་ཕྱི་ཟླ་ ༤ ཚེས་ ༢༠ ཉིན་རྒྱ་ནག་གཞུང་འབྲེལ་གསར་ཤོག་གོ་ལའི་དུས་བབ་Global Times ཐོག རྒྱ་ནག་གིས་ཉེ་དུས་ཨ་རུ་ཎ་ཅལ་མངའ་སྡེའི་ས་གནས་དྲུག་གི་མིང་གསར་བཟོ་བྱས་པ་ལས་རྫོང་ཁག་གཞན་ཁག་ལ་རྒྱ་མིའི་མིང་མེད་པ་དེ་ནི་རྒྱ་ནག་བྱབ་ཆུང་ཡིན་པ་རྒྱ་གར་གྱིས་སྐྱོན་བརྗོད་བྱས་པ་དེ་དག་རྒྱུ་མཚན་མི་ལྡན་པ་རེད་ཅེས་དང་། ད་དུང་རྒྱ་གར་གྱིས་ཏཱ་ལའི་བླ་མ་བེད་སྤྱད་ནས་རྒྱ་ནག་མཉམ་ས་མཚམས་ཀྱི་རྩོད་གླེང་སྡུག་ཏུ་བཏང་བ་དང་། ཏཱ་ལའི་བླ་མ་བེད་སྤྱོད་བཏང་བའི་བྱ་སྤྱོད་དེ་ནི་རྒྱ་གར་གཞུང་གི་བློ་གྲོས་ལྡན་པའི་འདམ་ག་ཞིག་མ་རེད། རྒྱ་གར་གྱིས་རྩེད་མོ་ཆུང་ཆུང་དེ་མུ་མཐུད་དུ་རྩེད་བ་ཡིན་ན། དེའི་མཇུག་འབྲས་ངན་པ་ཡོང་རྒྱུའི་སྡིག་ར་དང་བཅས་བོད་ལྷོ་ཕྱོགས་དེ་ནི་རྒྱལ་རབས་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་ཞིག་ཡིན་པ་མ་ཟད། ས་ཆ་དེ་ཚོའི་མིང་ཡང་ས་གནས་མི་རིགས་ཀྱི་རིག་གཞུང་དང་འབྲེལ་བ་ཡོད་པ་ཞིག་ཡིན་དུས། རྒྱ་ནག་གཞུང་གིས་ས་གནས་དེ་ཚོའི་མིང་གཏན་འབེབས་བྱེད་པའི་དབང་ཚད་རྒྱ་ནག་ལ་ཡོད་པ་རེད་ཅེས་ཆེད་རྩོམ་སྤེལ་འདུག
རྒྱ་ནག་གཞུང་གིས་ཨ་རུ་ན་ཅཱལ་ས་ཆའི་རྒྱ་ཁྱོན་ཆེན་པོ་ཞིག་ལ་བོད་ལྷོ་ཕྱོགས་ཞེས་བོས་ནས། ཉེ་ཆར་མིང་གི་དག་ཆ་གཏན་འབེབས་བྱས་པའི་ས་གནས་དྲུག་པོ་ནི། ཨོ་རྒྱན་གླིང་དང་། མི་ལ་རི། མཆོད་རྟེན་དཀར་པོ་རི། སྨན་ཆུ་ཁ། པུས་མོ་ལ། ནམ་མཁའ་ཕུབ་རི་ཅེས་ཡིན་པ་རེད།
ཚེས་༢༠་ཉིན་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་Gopal Baglay ཡིས། ཨ་རུ་ཎ་ཅལ་མངའ་སྡེ་ནི་རྒྱ་གར་ནས་ཁ་བྲལ་ཐབས་མེད་པའི་རྒྱལ་ཁབ་ཀྱི་རྩོད་མེད་ཆ་ཤས་ཤིག་ཡིན། རྒྱ་ནག་གིས་མིང་ཙམ་གཏན་འབེབས་བྱས་པ་ཙམ་གྱིས་ས་ཆ་དེ་ཚོའི་བདག་ཐོབ་ཐད་རྒྱ་ནག་གིས་ཧམ་བཤད་བྱེད་བཞིན་པ་དེའང་ཁྲིམས་མཐུན་ཆག་གི་མ་རེད་ཅེས་བརྗོད་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།