གསེར་རྟ་རྫོང་དུ་རྒྱ་མིས་བོད་མི་གཉིས་དམར་བསད་བཏང༌བ།
གསེར་རྟ་རྫོང་དུ་རྒྱ་མི་ཉེན་རྟོག་པས་བོད་མིའི་ཐོག་མེ་མདའ་བརྒྱབ་ནས་བོད་མི་གཉིས་དམར་བསད་བཏང་འདུག
-
2012-01-25 -
-
-
༄༅༎ཁ་ས་ཕྱི་ཚེས་༢༤ཉིན་བོད་གསེར་རྟ་རྫོང་དུ་ རྒྱ་མི་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་བོད་མི་༢དམར་གསོད་དང་བཅུ་གྲངས་ཤིག་ལ་རྨས་སྐྱོན་ཚབས་ཆེན་བཏང་འདུག རྒྱ་མིའི་ལོ་གསར་ཚེས་༢དང་ཕྱི་ཚེས་༢༤ཉིན་བོད་ནང་གི་སྔ་དྲོ་ཆུ་ཚོད་༡༠པ་ཙམ་ལ། གསེར་རྟ་རྫོང་ཐོག་ཏུ་བོད་མི་ཚོས་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་ཞེས་ངོ་རྒོལ་སྐད་འབོད་བྱེད་སྐབས།
ས་གནས་རྒྱ་གཞུང་གི་དམག་མིས་མང་ཚོགས་ཁྲོད་གང་བྱུང་མེ་མདའ་བརྒྱབ་ནས་བོད་མི་༢ལ་སྲོག་སྐྱོན་དང་བཅུ་གྲངས་ཤིག་ལ་རྨས་སྐྱོན་ཚབས་ཆེ་བཏང་ཡོད་པ་དང༌། བོད་མི་༤༠ཙམ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་འདུག
ཕྱི་ཚེས་༢༣ཉིན་གསེར་རྟ་རྫོང་གི་ཁྲོམ་གཞུང་དུ་བོད་མི་མང་པོས་སྐད་འབོད་སྐྱོན་བཞིན་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གནང་ཡོད་ཀྱང་སྐབས་དེར་རྒྱ་མིའི་ཉེན་རྟོག་པས་བོད་མི་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་མེད་ཀྱང་། ཁ་སང་ཚེས་༢༤ཉིན་གསེར་རྟ་རྫོང་ཐོག་ཏུ་བསྐྱར་དུ་བོད་མི་སེར་སྐྱ་མི་མང་༣༠༠ཙམ་གྱིས་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། ཞེས་ངོ་རྒོལ་སྐད་འབོད་གནང་སྐབས། ས་གནས་རྒྱ་མིའི་ཉེན་རྟོག་པ་དང་དམག་མི་འབོར་ཆེན་བསླེབས་ཏེ་བོད་མི་ཚོའི་ཐོག་དྲག་གནོན་བྱས་པར་བོད་མི་འུག་ཐུག་གིས་རྒོལ་ལན་སློབ་སྐབས། རྒྱ་མིའི་དམག་མིས་མང་ཚོགས་ཁྲོད་མེ་མདའ་བརྒྱབ་ནས་བོད་མི་གཉིས་དམར་བསད་བཏང་ཡོད་པ་ནི། གསེར་རྟ་འོན་ཟ་བདེ་བའི་འབྲོག་ས་ནས་ཡིན་པའི་པོ་པོ་རང་ལོ་༣༥དང༌། གསེར་རྟ་གསེར་བ་སྡེ་བའི་རང་ལོ་༣༣ཡིན་པའི་ཟླ་བ་གྲགས་པ་ལགས་གཉིས་རེད་འདུག དེ་བཞིན་གསེར་རྟ་གསེར་ཐང་ཡུལ་མཚོ་དཔལ་ཤུལ་ཤོལ་ཐའི་སློབ་ཕྲུག་སངས་སྐྱབས་ལ་མེ་མདའ་བརྒྱབ་ནས་མདེའུ་བདུན་ཕོག་ཡོད་པའི་གནས་སྟངས་ཛ་དྲག་ཡོད་པ་རེད། དེ་མིན་བོད་མི་བཅུ་གྲངས་ཤིག་ལ་རྨས་སྐྱོན་ཚབས་ཆེ་ཕོག་ཡོད་པ་དང༌། གཞན་བོད་མི་༤༠ཙམ་ཞིག་འཛིན་བཟུང་བཙོན་འཇུག་བྱས་ཡོད་ཅིང༌། ད་ཆ་རྒྱ་གཞུང་གིས་གསེར་རྟ་རྫོང་གི་ས་གནས་གང་སར་དམག་མི་ཕོན་ཆེ་འགྲེམས་འཇོག་གིས་ཚོང་ཁང་དང་ཟ་ཁང་ཁག་སྒོ་རྒྱབ་བཅུག་ཡོད་པ་རེད།
རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་ ངོ་རྒོལ་བྱེད་མཁན་བོད་མི་ཚོས་ཉེན་རྟོག་པའི་ཐོག་གྲི་དང་མེ་མདའ་སོགས་བེད་སྤྱོད་བྱས་པར་བརྟེན། རྒྱ་གཞུང་ཉེན་རྟོག་པས་ངོ་རྒོལ་བྱེད་མཁན་ཐོག་མེ་མདའ་རྒྱབ་དགོས་བྱུང་ནས་བོད་མི་གཅིག་རྐྱེན་ལམ་དུ་བཏང་བ་དང་གཅིག་ལ་རྨས་སྐྱོན་བྱུང་ཡོད་པར་ངོས་ལེན་བྱས་འདུག འོན་ཀྱང་ཨིན་ཡུལ་ནང་རྟེན་གཞི་གནང་བའི་བོད་རང་དབང་ལས་འགུལ་ཚོགས་པའི་ངེས་སྟོན་པ་Stephanie Brigden ཡིས་བོད་ནང་གི་མང་ཚོགས་ཀྱི་ཞི་བའི་ངོ་སྒོལ་སྐབས་གྲི་འཁྱེར་བའི་དཔང་རྟགས་མེད་པ་དང༌། འཛམ་གླིང་ཁྱོན་ཡོངས་སུ་བོད་མིའི་རང་དབང་ཐབས་རྩོད་དེ་བཞིན་། ཞི་བའི་འཐབ་རྩོད་ཞིག་ཡིན་པར་ཚང་མས་ཡོངས་གྲགས་ངོས་འཛིན་གནང་གི་ཡོད་དུས། རྒྱ་མིས་བོད་པའི་ཐོག་སྐྱོན་འཛུགས་བྱས་པ་དེ་ཁས་ལེན་རྩ་བ་ནས་བྱ་ཐབས་མེད་པའི་སྐོར་གསུངས་བཞག།