རྒྱ་ནག་དམངས་གཙོ་དོན་གཉེར་བ་ལིའུ་ཤའོ་ཕོའོ་ལ་ཁྲིམས་ཐག།
རྒྱ་གཞུང་གི་དོ་དམ་འོག་ཡོད་པའི་མང་གཙོ་དོན་གཉེར་བ་ལིའུ་ཤའོ་ཕོའོ་ཐོག་ཁྲིམས་ཐག་གང་མགྱོགས་གཅོད་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག
-
2009-12-09 -
-
-
༄༅༎རྒྱ་ནག་གཞུང་གི་དོ་དམ་འོག་ཡོད་པའི་མང་གཙོ་དོན་གཉེར་བ་ལིའུ་ཤའོ་ཕོའོ་ཐོག་ཁྲིམས་ཐག་གང་མགྱོགས་གཅོད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག
སྔ་ལོ་རྒྱ་ནག་གཞུང་ལ་མང་གཙོའི་བཅོས་བསྒྱུར་གཏོང་དགོས་པའི་ཞུ་སྙན་ཕུལ་མཁན་ཁོངས་སུ་ཡོད་པའི་མང་གཙོ་དོན་གཉེར་བ་སྐུ་ཞབས་ལིའུ་ཤའོ་ཕོའོ་ཐོག་ཁྲིམས་ཐག་གཅོད་རྒྱུ་ད་བར་ནར་འགྱངས་བཏང་ཡོད་ཀྱང་ཉེན་རྟོག་པ་དང་། གཞུང་གི་ཁྲིམས་རྩོད་པའི་ངོས་ནས་ཞིབ་འཇུག་དང་འདྲི་རྩད་བྱེད་རྒྱུའི་ལས་དོན་གང་འཚམས་མཇུག་བསྒྲིལ་ཡོད་སྟབས་ཁོང་གི་ཐོག་ཁྲིམས་གཅོད་གང་མགྱོགས་བྱེད་སྲིད་པའི་སྐོར་ཁོང་གི་བཟའ་ཟླ་དང་ཁྲིམས་རྩོད་པ་གཉིས་ནས་འགྲེལ་བརྗོད་བྱས་འདུག
ཁོང་གི་བཟའ་ཟླས་ལིའུ་ཤའོ་ཕོའོའི་ཐོག་སྔ་ལོ་སྙན་ཞུ་ཕུལ་བའི་བརྒྱུད་སྐུལ་ཙམ་མ་ཡིན་པར་དྲ་རྒྱའི་ཐོག་རྩོམ་བྲིས་འདྲ་མིན་དྲུག་ཙམ་བཀོད་ཡོད་པ་བཅས་གང་ལྟར་གཞུང་མགོ་རྟིང་སློག་རྒྱུའི་ངན་བྱུས་བཤམས་ཡོད་པའི་ནག་ཉེས་བཙུགས་ཡོད་ལུགས་དང་། ཁྲིམས་བཤེར་གཞིར་བཟུང་བྱས་ན་ཁོང་ལ་ལོ་བཅུའི་ཁྲིམས་ཆད་ཕོག་སྲིད་པ་རེད་གསུངས་འདུག
གོང་ཞུས་ལིའུ་ཤའོ་ཕོའོ་ནི་དེ་སྔ་ལོ་ངོ་ཉི་ཤུའི་གོང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ལས་འགུལ་སྐབས་མཉམ་ཞུགས་བྱས་པར་བརྟེན་ལོ་གཉིས་ཙམ་བཙོན་བཅུག་དང་ལོ་གསུམ་རིང་ངལ་རྩོལ་བསྒྱུར་བཀོད་ནང་ཚུད་ཡོད་པ་རེད། ཡིན་ནའང་མུ་མཐུད་ནས་རྒྱ་ནག་ནང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་བཅོས་བསྒྱུར་གཏོང་དགོས་པའི་ཞུ་སྐུལ་གྱི་ལས་འགུལ་སྤེལ་མཁན་ཞིག་ཡིན་པ་རེད།
རྒྱལ་སྤྱིའི་ཐོག་ནས་ཁོང་གློད་བཀྲོལ་ཡོང་ཐབས་སུ་གནོན་ཤུགས་ཆེན་པོ་སྤྲད་ཀྱི་ཡོད་ཀྱང་ད་བར་དམིགས་བསལ་དོན་འབྲས་སོན་པ་ཞིག་བྱུང་མེད་པ་རེད།