རྒྱ་ནག་གིས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་སྟེང་བཀལ་བའི་སྲིད་དོན་བཀའ་བཅད་ཕྱིར་འཐེན་བྱས་པ་ཙམ་གྱིས་ཡུ་རོབ་ཀྱིས་རྒྱ་ནག་ལྷན་འབྲེལ་ལམ་འཇམ་དུ་གཏོང་དགོས་པའི་ཁྱབ་པ་མེད་ཅེས་གྲོས་ཚོགས་འཐུས་མིའི་ཚོགས་པས་བསྒྲགས་འདུག
རྒྱ་ནག་དང་ཨ་རི་དབར་ཚོང་དམག་འགྲོ་བཞིན་པའི་སྐབས་འདིར། རྒྱ་གཞུང་གིས་ཡུ་རོབ་དང་ལྷན་འབྲེལ་ལམ་བཟང་དུ་གཏོང་ཆེད། དེ་སྔ་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་དང་དཔོན་རིགས་ཁག་ལ་བཀལ་བའི་སྲིད་དོན་བཀའ་བཅད་རྣམས་ཕྱིར་འཐེན་བྱས་པར། ཡུ་རོབ་ཀྱིས་དགའ་བསུ་བྱས་ཡོད་ཀྱང་རྒྱ་ནག་གི་བཀའ་བཅད་དེ་དག་ཐོག་མ་ཉིད་ནས་གཞི་རྩ་མེད་པ་ཡིན་སྟབས། དེ་མེད་པ་བཟོས་པའི་རྐྱེན་གྱིས་རྒྱ་ནག་ཐད་ལངས་ཕྱོགས་འཇམ་དུ་གཏོང་དགོས་པའི་ཁྱབ་པ་མེད་ཅེས་ཡུ་རོབ་རྒྱལ་ཁབ་ ༢༢ ནས་གྲོས་ཚོགས་འཐུས་མི་ ༥༥ ཡིས་མཚན་རྟགས་བཀོད་པའི་བསྒྲགས་གཏམ་ཞིག་སྤེལ་འདུག
- 2025-04-30
-
-
-
རྒྱ་ནག་དང་ཨ་རི་དབར་ཚོང་དམག་འགྲོ་བཞིན་པའི་སྐབས་འདིར། རྒྱ་གཞུང་གིས་ཡུ་རོབ་དང་ལྷན་འབྲེལ་ལམ་བཟང་དུ་གཏོང་ཆེད། དེ་སྔ་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་དང་དཔོན་རིགས་ཁག་ལ་བཀལ་བའི་སྲིད་དོན་བཀའ་བཅད་རྣམས་ཕྱིར་འཐེན་བྱས་པར། ཡུ་རོབ་ཀྱིས་དགའ་བསུ་བྱས་ཡོད་ཀྱང་རྒྱ་ནག་གི་བཀའ་བཅད་དེ་དག་ཐོག་མ་ཉིད་ནས་གཞི་རྩ་མེད་པ་ཡིན་སྟབས། དེ་མེད་པ་བཟོས་པའི་རྐྱེན་གྱིས་རྒྱ་ནག་ཐད་ལངས་ཕྱོགས་འཇམ་དུ་གཏོང་དགོས་པའི་ཁྱབ་པ་མེད་ཅེས་ཡུ་རོབ་རྒྱལ་ཁབ་ ༢༢ ནས་གྲོས་ཚོགས་འཐུས་མི་ ༥༥ ཡིས་མཚན་རྟགས་བཀོད་པའི་བསྒྲགས་གཏམ་ཞིག་སྤེལ་འདུག
དེ་ཡང་ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པར་སྐྱོན་བརྗོད་བྱས་རྐྱེན། རྒྱ་ནག་གིས་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༢ ཉིན་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཚུད་པའི་གནད་ཡོད་མི་སྣ་ ༡༠ དང་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆུང་ཚུད་པའི་ཚོགས་པ་ ༤ ལ་རྒྱ་ནག་ཏུ་འགྲོ་བསྐྱོད་མི་ཆོག་པའི་བཀག་སྡོམ་བྱས་ཡོད།
ཕྱི་ཟླ་ ༤ ཚེས་ ༣༠ རེས་གཟའ་ལྷག་པའི་ཉིན། ཡུ་རོབ་གྲོས་ཚོགས་ཀྱི་སྲིད་འཛིན་མེཊ་སོ་ལ་(Metsola) ལགས་ཀྱིས། ང་སྲིད་འཛིན་ཡིན་པའི་ཆ་ནས་འཐུས་མི་ཆ་ཚང་རང་དབང་ལྡན་པའི་ཐོག་ནས་ལས་འགན་གྲུབ་ཐུབ་པ་བཟོ་རྒྱུའི་འགན་ཡོད་ལ། རྒྱ་ནག་དང་འབྲེལ་ལམ་རྙོག་པོ་ཡོད་ཀྱང་། ང་ཚོས་གྲོས་ཚོགས་ཀྱི་ཚོགས་པ་ཁག་རྒྱ་ནག་དང་ལྷན་འཇིགས་སྣང་མེད་པའི་ཐོག་ལས་དོན་གྲུབ་ཐུབ་པ་དགོས་པས། མདུན་བསྐྱོད་ཀྱི་ཐབས་ལམ་བཟང་ཤོས་ནི་འབྲེལ་གཏུག་དང་གྲོས་མོལ་བྱ་རྒྱུ་དེ་རེད་ཅེས་འགྲེལ་བརྗོད་གནང་འདུག་ལ། ཡོ་རོབ་གྲོས་ཚོགས་ཀྱི་ངོས་ནས་བཀག་བཅད་ཕྱིར་འཐེན་བྱས་པ་ཙམ་གྱིས་རྒྱ་ནག་དང་འབྲེལ་དེ་སྔ་ཡོད་པའི་དཀའ་རྙོག་རྣམས་སྣང་མེད་གཏོང་མི་ཉན་པ་མ་ཟད། ཡུ་རོབ་གྲོས་ཚོགས་ཀྱིས་འཛམ་གླིང་སྤྱི་ཡོངས་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གནད་དོན་ཁག་ལ་མུ་མཐུད་དོ་སྣང་བྱ་རྒྱུ་ཡིན་པ་བསྒྲགས་འདུག
དེ་དང་ཕྱོགས་མཚུངས་ (The Inter-Parliamentary Alliance on China)ཞེས་རྒྱ་ནག་ཐད་རྒྱལ་སྤྱིའི་གྲོས་ཚོགས་མནའ་མཐུན་ཚོགས་པའི་འཐུས་མི་ ༥༥ ཡིས་མཚན་རྟགས་འགོད་པའི་བསྒྲགས་གཏམ་སྤེལ་བའི་ནང་། བཀའ་བཅད་ཁག་ཅིག་མེད་པ་བཟོས་པ་དེས་རྒྱ་ནག་ལ་བསམ་ཤེས་བྱེད་དགོས་པའི་གནས་སྟངས་རྩ་བ་ནས་མིན་པ་ནན་པོ་བརྗོད་ཡོད་པ་མ་ཟད། བཀག་བཅད་ཕྱིར་འཐེན་དེ་ཡང་རྒྱ་ནག་གིས་ད་ལྟའི་ཆར་རྒྱ་ནག་ལ་བེད་སྤྱོད་ཡོད་པའི་ཆབ་སྲིད་པ་ཁག་ཅིག་ལ་བྱས་པ་མ་གཏོགས། གཞན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། ཉམས་ཞིབ་པ། ཆབ་སྲིད་པ་ཟུར་པ་ཁག་ལ་བཀལ་བའི་བཀའ་བཅད་མུ་མཐུད་གནས་ཡོད་པའི་བློ་ཚབ་བསྟན་འདུག་པའི་ཁར། བཀག་བཅད་ཡོད་མེད་ལ་མ་ལྟོས་པར། ཡུ་རོབ་གླིང་ཆེན་འདི་འཛུགས་བསྐྲུན་ཆེད་ནུས་ཁུངས་གཙང་མའི་ (Green Energy) ཐད་རྒྱ་ནག་ལ་བརྟེན་རྒྱུ་ཉུང་དུ་གཏོང་དགོས་པའི་འབོད་སྐུལ་གནང་འདུག
གཞི་རྩའི་ཉེ་ལམ་ཨ་རིའི་སྲིད་གཞུང་གསར་པས་རྒྱལ་སྤྱི་དང་ལྷག་པར་རྒྱ་ནག་ཐོག་སྒོ་ཁྲལ་མཐོ་རུ་བཏང་རྐྱེན་ཨ་རྒྱ་གཉིས་བར་ཚོང་དམག་འགོ་ཚུགས་པར་རྒྱ་ནག་གིས་དེར་གདོང་ལེན་ཆེད་ཡུ་རོབ་དང་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་དང་ལྷན་འབྲེལ་ལམ་བཟང་དུ་གཏོང་ཐབས་བྱེད་བཞིན་ཡོད་ལ། ལྷག་པར་ཡུ་རོབ་ལྷན་འབྲེལ་བ་ཡར་རྒྱས་གཏོང་ཆེད་དེ་སྔ་སྲིད་དོན་བཀའ་བཅད་བཀལ་བ་ཁག་ཅིག་ཕྱིར་འཐེན་རྒྱུ་མཚོན་པའི་ཐབས་ཤེས་ཡོད་རྒུས་ཡུ་རོབ་ཀྱི་བློ་འགུག་ཐབས་བྱེད་བཞིན་ཡོད་པ་རེད། །
གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།