རྒྱ་ནག་གི་དམངས་གཙོ་ལས་འགུལ་བ་ཞིག་ལ་ཁྲིམས་བཅད།

པེ་ཅིང་གནམ་བདེ་སྒོ་མོ་ཆེའི་དམངས་གཙོའི་ལས་འགུལ་སྐབས་སློབ་ཕྲུག་གི་འགོ་འཁྲིད་གྲས་ཤིག་ལ་ལོ་དགུའི་རིང་བཙོན་དུས་ཀྱི་ཁྲིམས་བཅད།

༄༅༎པེ་ཅིང་གནམ་བདེ་སྒོ་མོ་ཆེའི་དམངས་གཙོ་ལས་འགུལ་སྐབས་སློབ་ཕྲུག་གི་འགོ་འཁྲིད་གྲས་ཀྲུ་ཡོང་ཅུན་ཞུ་བ་དེར་རྒྱ་ནག་གཞུང་གིས་ལོ་དགུའི་རིང་བཙོན་དུས་ཀྱི་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་འདུག་༎

རེས་གཟའ་པ་སངས་ཉིན་ཧོང་ཀོང་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་དྲིལ་བསྒྲགས་ལྟེ་གནས་ཞེས་པས་གནས་ཚུལ་ཕྱིར་བསྒྲགས་བྱས་པར་གཞིགས་ན་༡༩༨༩ལོའི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་སྟེང་དམངས་གཙོའི་ལས་འགུལ་སྐབས་སློབ་ཕྲུག་གི་འགོ་འཁྲིད་གྲས་ཀྲུ་ཡོང་ཅུན་ཞུ་བ་དེ་ཧོང་ཀོང་ས་གནས་སྲིད་གཞུང་གི་རྒྱ་ནག་སྐམ་ས་ཆེན་པོར་ཕྱིར་འབུད་བརྩི་སྤྲོད་བྱས་པའི་རྗེས་བདུན་ཕྲག་སྔོན་མ་ཟི་ཀྲོན་ཞིང་ཆེན་གྱི་ཁྲིམས་ཁང་ནས་ཁོ་པས་མགོ་སྐོར་སླུང་ཁྲིད་ཀྱིས་དངུལ་ཁང་ནས་དངུལ་རྐུ་འཁྱེར་བྱས་པའི་ནག་ཉེས་འོག་རྒྱ་ནག་གི་ཤོག་སྒོར་༨༠༠༠༠ཐམ་པའི་མ་དངུལ་གྱི་ཆད་པ་དང་ལོ་དགུའི་རིང་བཙོན་དུས་ཀྱི་ཁྲིམས་ཐག་བཅད་ཡོད་པ་རེད་ གནས་ཚུལ་ནང་འཁོད་པར་ལྟར་ན་རྒྱ་རིགས་ཀྲུ་ཡོང་ཅུན་ཞུ་བ་དེས་༢༠༠༨ལོའི་པེ་ཅིང་ཨོ་ལོམ་པིག་རྩེད་འགྲན་མཇུག་བསྒྲིལ་མཚམས་ཕྱི་ཟླ་༩པའི་ནང་མེ་ཁ་ཨོ་འམ་ཨོ་མེན་བརྒྱུད་མ་ལེ་ཤི་ཡའི་མི་སེར་གྱི་འགྲིམ་འགྲུལ་ལག་ཁྱེར་ཐོག་ནས་ཧོང་ཀོང་ནང་འཛུལ་ཞུགས་བྱས་ཡོད་པ་དང་ཧོང་ཀོང་ཕྱི་མི་ལས་ཁུངས་ནས་ཁོང་ལ་ལག་ཁྱེར་རྗུན་བཟོ་བྱས་པའི་ཉེས་མིག་འོག་རྒྱ་ནག་ལྷོ་ཕྱོགས་ཀྱི་ཧྲེན་ཀྲེན་གྲོང་ཁྱེར་རུ་ཕྱིར་འབུད་བརྩི་སྤྲོད་བྱས་ཡོད་འདུག ཧོང་ཀོང་ནང་རྟེན་གཞི་བྱས་པའི་འགྲོ་མ་མིའི་ཐོབ་ཐང་ཚོགས་པས་རྒྱ་ནག་གཞུང་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་ཀྲུ་ཡོང་ཅུན་ལ་ཁྲིམས་ལུགས་ལྟར་ཧོང་ཀོང་ས་གནས་ནང་ཁྲིམས་ལུགས་གཏུགས་བཤེར་བྱ་རྒྱུའི་ཚབ་རྒྱ་ནག་གི་ཟི་ཀྲོན་ཞིང་ཆེན་ནང་ཁྲིམས་བཤེར་བྱས་པ་དེ་ཆབ་སྲིད་ཀྱི་དགོས་མཁོ་ཁོ་ན་ཡིན་པའི་སྐྱོན་བརྗོད་བྱས་འདུག་པ་དང་ལྷག་པར་དུ་ཧོང་ཀོང་ས་གནས་སྲིད་གཞུང་གིས་ཁོང་རྒྱ་ནག་ལ་བརྩི་སྤྲོད་བྱས་པ་དེས་མ་འོངས་རྒྱ་ནག་གཞུང་གི་ཧོང་ཀོང་ས་གནས་ཀྱི་ཚད་མཐོའི་རང་སྐྱོང་གི་གནས་བབ་ལ་ཐེ་ཇུས་ཆེ་རུ་གཏོང་རྒྱུར་སྔོན་འབྱུང་གི་དཔེ་མཚོན་ལྟ་བུ་ཆགས་རྒྱུ་ཡིན་པའི་སྐྱོན་བརྗོད་བྱས་ཡོད་པ་རེད་༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org