རྒྱ་ནག་གཞུང་གིས་བོད་མི་ཚོས་གྲི་དང་མེ་མདའ་ལ་སོགས་པའི་མཚོན་ཆའི་རིགས་རྩིས་སྤྲོད་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད་འདུག

འདི་ལོའི་ཕྱི་ཟླ་༦ནས་བཟུང་བོད་ནང་གི་ས་ཁུལ་ཁག་ཅིག་རྒྱལ་ཁབ་བདེ་འཇགས་ཆེད་ཡིན་སྐོར་བརྗོད་དེ། མི་མང་ནས་མེ་མདའ་དང་གྲི་འབར་རྫས་སོགས་གང་བྱུང་ཉར་མི་ཆོག་པ་དང་། གལ་ཏེ་ཉར་མཁན་ཡོད་ཚེ་རྩིས་སྤྲོད་དགོས་པའི་བཀའ་གཏོང་བཞིན་ཡོད་འདུག

པོ་ཏྭ་ལའི་མདུན་ཐང་དུ་རྒྱ་ནག་ཉེན་རྟོག་པས་ཞིབ་བཤེར་བྱེད་བཞིན་པའི་པར་རིས། Representation image/ Reuters

རྒྱ་ནག་གཞུང་གིས་དུས་རྒྱུན་རྒྱལ་ཁབ་བདེ་འཇགས་ཟེར་བའི་ལས་གཞི་འདྲ་མིན་བརྩམས་སྟེ་བོད་ནང་རྣམ་པ་འདྲ་མིན་ངང་དམ་དྲག་དང་ཞིབ་བཤེར་རིགས་བྱེད་བཞིན་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་༦ནས་བཟུང་བོད་ནང་གི་ས་ཁུལ་ཁག་ཅིག་རྒྱལ་ཁབ་བདེ་འཇགས་ཆེད་ཡིན་སྐོར་བརྗོད་དེ། མི་མང་ནས་གྲི་དང་མེ་མདའ་དེ་བཞིན་འབར་རྫས་སོགས་གང་བྱུང་ཉར་མི་ཆོག་པ་དང་། གལ་ཏེ་ཉར་ཡོད་མཁན་ཚོས་རྩིས་སྤྲོད་མ་བྱས་པ་ཡིན་ན། ཅ་དངོས་ལ་དཔག་པའི་ལོ་གཅིག་ནས་གསུམ་བར་གྱི་ཁྲིམས་ཆད་དང་། ཉེས་ཆད་སོགས་གཅོད་བཞིན་ཡོད་སྐོར་བོད་ཕྱི་ནང་གཉིས་ཀྱི་བོད་མི་གཉིས་ནས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། རྔ་བ་ཕྱོགས་ཀྱི་རྫོང་ཁག་གི་ནང་གྲི་དང་མེ་མདའ་ལ་སོགས་པའི་མཚོན་ཆའི་རིགས་ཡར་རྩིས་སྤྲོད་དགོས་པའི་ལས་འགུལ་དེ་ལག་བསྟར་བྱེད་བཞིན་པ་ཡིན་པ་དང་། མཚོན་ཆ་རིགས་ཉར་མཁན་དང་རྩིས་སྤྲོད་མི་བྱེད་མཁན་ཚོར་ཁྲིམས་ཆད་དང་། ཁྱིམ་ཚང་དེའི་ནང་མི་ཡོངས་རྫོགས་ཁྲིམས་འགལ་དུ་རྩིས་ཏེ་བྱིས་པ་སློབ་གྲྭར་ཡོང་མི་བཅུག་པ་དང་། དཔལ་འབྱོར་གྱི་ཉེས་ཆད་གཅོད་རྒྱུ་སོགས་ཀྱི་ཉེན་བརྡ་གཏོང་བཞིན་ཡོད་པ་དང་། ལས་གཞི་དེ་གཙོ་བོ་རྔ་བ་ཁུལ་ཉེན་རྟོག་པ་དང་ཞིབ་དཔྱོད་ཁང་སོགས་ནས་སྤེལ་བ་ཞིག་ཡིན་པ་དང་། འདི་ལོའི་ཕྱི་ཟླ་༩ཚེས་༣༠་བར་མཚོན་ཆ་ཡོད་མཁན་ཚོས་རྩིས་སྤྲོད་དགོས་པ་བཟོས་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག

ཡང་བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་བོད་མི་ཞིག་ནས། བོད་ནང་གི་ལི་ཐང་དང་ཉག་ཆུ་ཕྱོགས་སུ་ད་ལྟའི་ཆར་མཚོན་ཆའི་སྐོར་ནས་དམ་དྲག་ཤུགས་ཆེར་བྱས་རྐྱེན། ཡུལ་མི་ཚོས་མཚོན་ཆའི་རིགས་ཉར་མི་ཆོག་ཞེས་བཙན་བཀའ་བཏང་ཡོང་དུས་ཁྱིམ་དུ་ཡོད་པའི་ཚལ་དང་ཤ་བཏུབ་བྱེད་ཀྱི་གྲི་ཡང་ཉར་མི་ཆོག་པའི་དོགས་གཞི་ཡོང་གི་ཡོད་པ་དང་། རྒྱ་ནག་གཞུང་གིས་བདེ་འཇགས་ཞེས་པར་ཁ་གཡར་ནས་ལས་གཞི་དེ་སྤེལ་བཞིན་ཡོད་ན་ཡང་། གནད་དོན་གཙོ་བོ་བོད་མི་ཚོས་ནམ་ཞིག་མཚོན་ཆ་དེ་རིགས་རྒྱ་མིའི་སྟེང་བཀོལ་སྤྱོད་བྱེད་མི་ཡོང་ངམ་སྙམ་པའི་དོགས་གཞིའི་རྐྱེན་གྱིས་ཡིན་སྐོར་བརྗོད་བྱུང་།

སྤྱིར་རྒྱ་ནག་གཞུང་གིས་དེ་སྔ་ཕྱི་ལོ་༢༠༠༡ལོར་བོད་ཀྱི་ས་ཁུལ་མང་ཆེ་བའི་ནང་མཚོན་ཆ་ལྐོག་ཉར་མི་ཆོག་པའི་ཉེས་རྡུང་ལས་འགུལ་ཞེས་སོགས་སྤེལ་ཏེ། བོད་མི་ཚོས་རྒྱུ་དངོས་འབོར་ཆེན་སྤྲད་དེ་ཉོས་པའི་ཅ་དངོས་རིགས་གང་བྱུང་ཡར་རྩིས་སྤྲོད་བྱེད་བཅུག་ཡོད་པ་རེད་ལ། དེ་བཞིན་རྒྱ་ནག་ནང་དམར་ཤོག་ཚོགས་པའི་ཚོགས་ཆེན་དང་གཞུང་འབྲེལ་དུས་ཚེས་ཆེ་ཁག་ལ་མཚོན་ཆའི་རིགས་ལ་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། ནམ་རྒྱུན་རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པའི་ཉེས་དོན་བཅའ་ཁྲིམས་༡༢༨པའི་ནང་། ཁྲིམས་འགལ་གྱིས་མེ་མདའ་དང་གྲི་ཉར་མི་ཆོག་སྐོར་བརྗོད་དེ་ལས་གཞི་དེ་རིགས་སྤེལ་བཞིན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག  
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org