རྒྱ་དཀར་ནག་གཉིས་དབར་འདི་ལོའི་དབྱར་ཁར་རྒྱ་གར་གྱི་གནས་སྐོར་བ་བོད་ནང་གནས་མཇལ་དུ་གཏང་རྒྱུའི་གྲོས་མཐུན་བྱུང་འདུག
རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་རྒྱ་དཀར་ནག་གཉིས་དབར་འདི་ལོའི་དབྱར་ཁར་བོད་ནང་གི་གནས་རི་དང་ཆུ་རྩ་ཆེན་དཔེར་ན་གངས་རིན་པོ་ཆེ་དང་མཚོ་མ་ཕམ་བཅས་སུ་གནས་སྐོར་ཐུབ་རྒྱུའི་ཐད་སྟ་གོན་བྱེད་བཞིན་ཡོད་པ་བརྗོད་འདུག
- 2025-04-28
-
-
-
ཟླ་ ༤ ཚེས་ ༢༨ རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གོ་ལའི་དུས་བབ་ཀྱིས། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ (Guo Jiakun) ཡིས་རེས་གཟའ་ཟླ་བའི་གསར་འགོད་གསལ་བསྒྲགས་སྐབས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གི་གནས་རི་དང་ཆུ་རྩ་ཆེན་དཔེར་ན་གངས་རིན་པོ་ཆེ་དང་མཚོ་མ་ཕམ་བཅས་སུ་གནས་སྐོར་ཐུབ་རྒྱུ་དེ་བཞིན། རྒྱ་ནག་གཞུང་ངོས་ནས་རྒྱ་དཀར་ནག་གཉིས་དབར་གྱི་མི་ཕན་ཚུན་དང་རིག་གཞུང་བརྗེ་ལེན་སོགས་ཀྱི་ཐད་གནད་འགག་ཅན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ལ། བོད་བརྒྱུད་ནང་བསྟན་དང་ཧིན་དྷུའི་ཆོས་ལུགས་འཛིན་མཁན་རྣམས་ལའང་གལ་གནད་ཅན་ཞིག་ཆགས་ཀྱི་ཡོད་པས། ད་ལྟའི་ཆར་རྒྱལ་ཁབ་ཕྱོགས་གཉིས་ནས་གནད་དོན་དེའི་ཐད་སྟ་གོན་བྱེད་བཞིན་ཡོད་པ་བརྗོད་འདུག
ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་བརྗོད་དོན་ལྟར་ན། རྒྱ་དཀར་ནག་གཉིས་དབར་རྒྱ་གར་གནས་སྐོར་བ་རྣམས་བོད་དུ་ཡོང་ཆོག་པ་བཟོ་རྒྱུ་དེ་བཞིན་འདི་ལོའི་དབྱར་ཁ་ནས་འགོ་འཛུགས་རྒྱུ་ཡིན་ཞིང་། དེ་ནི་གཙོ་བོ་འདི་ལོར་རྒྱ་དཀར་ནག་གཉིས་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་ ༧༥ འཁོར་བའི་དུས་ཚིགས་འཁེལ་གྱི་ཡོད་དུས། རྒྱ་ནག་ངོས་ནས་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་པ་གསལ་སྟོན་བྱེད་ཆེད་ཡིན་པ་བརྗོད་འདུག
ཉེ་ལམ་རྒྱ་གར་སྲིད་བློན་མཱོ་ཏི་མཆོག་དང་རྒྱ་གར་ཨུ་ཏར་ཁན་ཌི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་བཅས་ནས་འབད་བརྩོན་རིམ་བསྟེན་གྱི་འབྲས་བུར། འདི་ལོའི་ཟླ་ ༦ པའི་ཚེས་ ༣༠ ནས་དབུ་འཛུགས་ཞུས་ཏེ་རྒྱ་གར་གྱི་གནས་སྐོར་བ་རྣམས་གངས་རིན་པོ་ཆེ་དང་མཚོ་མ་ཕམ་ལ་གནས་མཇལ་དུ་བསྐྱོད་རྒྱུའི་འགོ་འཛུགས་རྒྱུ་ཡིན་པ་རྒྱ་གར་གསར་ཁང་ཁག་ཅིག་གིས་གཞུང་འབྲེལ་གསལ་བསྒྲགས་ལུང་འདྲེན་དང་བཅས་བསྒྲགས་འདུག
རྒྱ་ནག་ནང་དང་ལྷག་པར་འཛམ་གླིང་སྤྱི་ལ་ཏོག་དབྱིབས་ནད་ཡམས་༡༩འགོས་ཁྱབ་ཤུགས་ཆེན་པོར་གྱུར་པ་བརྒྱུད། སྤྱི་ལོ་༢༠༢༠ལོ་ནས་བཟུང་རྒྱ་གར་ཧིན་དུའི་ཆོས་དད་པ་རྣམས་བོད་ནང་གངས་རིན་པོ་ཆེ་དང་མཚོ་མ་ཕམ་ལ་གནས་མཇལ་དུ་འགྲོ་རྒྱུ་མཚམས་འཇོག་གནང་དགོས་བྱུང་སྟེ། ད་ལྟའི་བར་གནས་སྐོར་སླར་གསོ་གནང་མ་ཐུབ་པར་ལྷག་ཡོད་ནའང་། འདི་ལོ་ཨ་མི་རི་ཀས་རྒྱ་ནག་ལ་སྒོ་ཁྲལ་ཤུགས་ཆེ་བཀལ་བ་དང་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གིས་སོ་སོའི་ཚོང་ཟོག་གི་སྒོ་ཁྲལ་ཆག་ཡང་དུ་གཏོང་ཐབས་སུ། ཨ་མི་རི་ཀ་དང་འབྲེལ་ལམ་ཇེ་ཟབ་ཏུ་བཏང་ནས་རྒྱ་ནག་ཟུར་ཕུད་བྱེད་བཞིན་པའི་རྣམ་འགྱུར་མངོན་བཞིན་པའི་ཁར། ཁྱད་པར་དུ་བདུན་ཕྲག་འདིའི་རེས་གཟའ་ཟླ་བ་ནས་ཨ་མི་རི་ཀའི་སྲིད་འཛིན་གཞོན་པ་ཇཱའེ་ཌི་ཝན་སི་མཆོག་རྒྱ་གར་ནང་འཚམས་གཟིགས་སུ་ཕེབས་ཏེ། རྒྱ་གར་སྲིད་བློན་མོ་ཏི་མཆོག་དང་མཇལ་མོལ་གྱིས་རྒྱལ་ཁབ་གཉིས་ཕྱོགས་མང་པོ་ནས་མཉམ་ལས་བྱ་འདུན་གྱི་སྐུལ་མ་ཤུགས་ཆེ་བཏང་ཡོད་པའི་མུར། རྒྱ་གར་གྱིས་ཀྱང་རྒྱ་ནག་ནས་ནང་འདྲེན་གྱི་ངར་ལྕགས་ལ་སྒོ་ཁྲལ་བརྒྱ་ཆ་༡༢སྤར་ཆའི་གནས་སྟངས་སོགས་བྱུང་བའི་རྐྱེན་གྱིས། རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་གོ་སྒྲིག་གནང་བའི་གངས་ཏི་སེ་དང་མཚོ་མ་ཕམ་ལ་ཧིན་དུའི་ཆོས་དད་པ་རྣམས་གནས་མཇལ་དུ་འགྲོ་ཆོག་པར་རྒྱ་ནག་གཞུང་གིས་ངོས་ལེན་བྱས་ཡོད་པ་རེད་འདུག
གསར་འགོད་པ། ཚེ་རིང་རྣམ་རྒྱལ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།