བོད་ཀྱི་གནད་དོན་མ་གླེང་བར་རྒྱ་དཀར་ནག་གཉིས་བར་ས་མཚམས་དཀའ་ངལ་སེལ་ཁག་པོ་ཡིན་པ་རྒྱ་གར་གྱི་དམག་དོན་ཆེད་མཁས་པས་གསུང་བྱུང་།

རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་བོད་ཀྱི་གནད་དོན་གླེང་སློང་མ་བྱས་པར་དུ་ས་མཚམས་ཀྱི་དཀའ་ངལ་སེལ་རྒྱུ་ཧ་ཅང་ཁག་པོ་ཡིན་པ་རྒྱ་གར་གྱི་དམག་དོན་ཆེད་མཁས་པས་ངོས་འཛིན་གནང་གི་འདུག

རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་(Rajnath Singh)་དང་རྒྱ་ནག་གི་བདེ་སྲུང་བློན་ཆེན་(Li Shangfu)་གཉིས་རྒྱ་གར་དུ་མཇལ་མོལ་སྐབས། ༠༤།༢༧།༢༠༢༣ Indian Ministry of Defence

དེ་ཡང་རྒྱ་ནག་གི་བདེ་སྲུང་བློན་ཆེན་(Li Shangfu)་རྒྱ་གར་དུ་འདི་ཚེས་༢༨་རེས་གཟའ་པ་སངས་ཉིན་(Shanghai Cooperation Organisation)་ཞེས་ཧྲང་ཧེ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཚོགས་འདུར་འབྱོར་ཡོད་པ་དང་བསྟུན། ཁོང་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་རཱཇི་ནཱཐི་སིན་(Rajnath Singh)་ལགས་དང་ཚེས་༢༧ཉིན་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་གྱིས་རྒྱ་ནག་གི་བདེ་སྲུང་བློན་ཆེན་ལི་ཧྲང་ཧྥུ་ལ། རྒྱ་ནག་གཞུང་གིས་ད་ཡོད་རྒྱ་དཀར་ནག་གི་ས་མཚམས་གྲོས་མཐུན་རྡོག་རོལ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་བཏང་ཡོད་པ་དང་། རྒྱ་དཀར་ནག་གི་འབྲེལ་ལམ་ཡར་རྒྱས་ཀྱི་གཞི་རྩ་ནི། རྒྱལ་མཚམས་སུ་ཞི་བདེ་བརྟན་ལྷིང་ཡོང་མིན་གྱི་དངོས་ཡོད་གནས་ཚུལ་ལ་ཐུག་ཡོད་པ་ནན་བརྗོད་གནང་ཡོད་འདུག

དེའི་ཐད་རྒྱ་གར་གྱི་རྟོག་ཞིབ་ཐེབས་རྩ་ཁང་གི་རྒྱ་ནག་ཐད་ཀྱི་ཉམས་ཞིབ་པ་(Kalpit A Mankikar)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ད་རེས་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་རཱཇི་ནཱཐི་སིན་(Rajnath Singh)་ལགས་ཀྱིས་ཐད་ཀར་རྒྱ་ནག་ལ་བཀའ་མོལ་གནང་སྟངས་དེ་ནི་རྒྱ་གར་གྱིས་རྒྱ་ནག་གཞུང་ལ་སྤྲད་པའི་བརྡ་ལན་ཧ་ཅང་ཤུགས་ཆེན་པོ་ཞིག་རེད་ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་རྒྱ་གར་གྱི་སྐམ་མཚོ་གནམ་གསུམ་གྱི་དམག་སྤྱི་ཟུར་པ་(Major Amit Bansal)་ལགས་ནས། བོད་ཀྱི་གནད་དོན་གླེང་སློང་མ་བྱས་པར་ས་མཚམས་ཀྱི་དཀའ་ངལ་སེལ་རྒྱུ་ཧ་ཅང་ཁག་པོ་རེད། དངོས་ཡོད་གནས་ཚུལ་དང་ཁ་ཡོད་ལག་ཡོད་གཉིས་གང་གི་ཐོག་ནས་བལྟས་ཀྱང་། རྒྱ་གར་དང་རྒྱ་ནག་གི་རྩོད་རྙོག་སེལ་བར་བོད་ཀྱི་གནད་དོན་གླེང་སློང་མ་བྱས་པར་ཡོང་ཐབས་མེད་པ་རེད། ལོ་རྒྱུས་ཀྱི་ཐོག་ནས་རྒྱ་གར་དང་བོད་ཀྱི་བར་འབྲེལ་བ་བྱུང་སྟེ་ང་ཚོའི་ས་མཚམས་སྐོར་གྱི་ཆིངས་ཡིག་ཚང་མ་དང་། ཕྱོགས་གཉིས་མོས་མཐུན་ཡོད་པའི་གྲོས་མཐུན་ཆ་ཚང་ལ་བོད་དང་རྒྱ་གར་གྱིས་མཚན་རྟགས་བཀོད་ཡོད་པ་ལས། རྒྱ་ནག་དང་རྒྱ་གར་གྱི་བར་ས་མཚམས་ཆིངས་ཡིག་བཞག་ནས་མཚན་རྟགས་བཀོད་པའི་གནས་ཚུལ་མེད་པ་སོགས་འགྲེལ་བརྗོད་གནང་གི་འདུག
དེ་བཞིན་རྒྱ་གར་གྱི་རྟོག་ཞིབ་ཐེབས་རྩ་ཁང་གི་རྒྱ་ནག་ཉམས་ཞིབ་པ་(Antara Ghosal Singh)་ལགས་ནས། རྒྱ་གར་གྱིས་རྒྱལ་མཚམས་ས་ཐིག་སྤྱི་ལོ་༢༠༢༠སྔོན་གྱི་གནས་སྟངས་དང་གཅིག་པ་ཡོང་རྒྱུར་རེ་བ་གནང་གི་ཡོད་ནའང་། རྒྱ་ནག་གཞུང་གིས་རྒྱ་གར་གྱི་རེ་བ་དང་དགོས་འདུན་མ་བསྐོང་བའི་ཐོག་ནས་རྒྱ་དཀར་ནག་གི་འབྲེལ་ལམ་རྒྱུན་ལྡན་ཡོང་ཐབས་བྱེད་ཀྱི་ཡོད་པར་བརྟེན། དོན་དངོས་རྒྱ་དཀར་ནག་གི་འབྲེལ་བའི་གནས་སྟངས་འགལ་ཟླ་ཇེ་ཆེར་འགྲོ་བཞིན་པ་དང་། ཕྱོགས་གང་ལ་རྒྱལ་ཁ་ཐོབ་མིན་བལྟ་རྒྱུ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
སྤྱི་ལོ་༢༠༢༠ལོར་རྒྱ་གར་མཐའ་མཚམས་བོད་དང་ས་འབྲེལ་ལ་དྭགས་གྷལ་ཝན་ས་གནས་སུ། རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་བྱུང་ནས་ཕན་ཚུན་ཤི་རྨས་བྱུང་བའི་རྗེས། ད་རེས་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་རྒྱ་གར་ནང་ཡོང་བ་ཐེངས་དང་པོ་ཆགས་ཡོད་པས། རྒྱ་དཀར་ནག་གི་རྒྱལ་སྲུང་བློན་ཆེན་རྣམ་གཉིས་ཀྱིས། རྒྱ་གར་དུ་ཚོགས་བཞིན་པའི་ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོའི་རྒྱལ་སྲུང་བློན་ཆེན་རྣམ་པའི་ཚོགས་འདུ་དང་བསྟུན་མཇལ་འཕྲད་གནང་ཡོད་པ་དང་། སྤྱི་ཟླ་༤པའི་ཚེས་༢༨ཉིན་ཚོགས་བཞིན་པའི་ལྷན་ཚོགས་དེར་གཙོ་བོ་སོ་སོའི་མངའ་ཁུལ་གྱི་བདེ་འཇགས་དང་། ཞི་བདེ་སྲུང་སྐྱོབ། འཇིགས་སྐུལ་རིང་ལུགས་ལ་གདོང་ལེན་གྱི་ཐོག་གོ་བསྡུར་གནང་གི་ཡོད་ཅིང་། མཉམ་འབྲེལ་ལྷན་ཚོགས་དེ་སྤྱི་ལོ་༡༩༩༦ལོར་རྒྱ་ནག་དང་ཨུ་རུ་སུ་སོགས་རྒྱལ་ཁབ་ལྔ་ནས་འགོ་བཙུགས་ཡོད་ནའང་། སྤྱི་ལོ་༢༠༡༧ལོ་ནས་རྒྱ་གར་དང་པཱཀི་སི་ཐན་ཀྱང་ལྷན་ཚོགས་དེར་འཛུལ་ཞུགས་གནང་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org