རྒྱ་ནག་ནང་སློབ་ཆེན་མཐར་ཕྱིན་པ་ཚོ་ལས་ཞུགས་མི་ཐུབ་པ་དང་ལས་ཀ་མི་རག་པའི་དཀའ་ངལ་འཕར་མ་འཕྲད་སྲིད་པ།
ལོ་རྗེས་མ་རྒྱ་ནག་ནང་སློབ་ཆེན་སློབ་ཐོན་པ་ས་ཡ་བཅུ་བརྒལ་བའི་ཟིན་ཐོ་གསར་པ་ཞིག་བསྐྲུན་གྱི་ཡོད་ཚུལ་འདུག་ཀྱང་དེས་རྒྱ་ནག་ནང་ལས་ཞུགས་བྱེད་རྒྱུ་དཀའ་ངལ་ཆེན་པོ་ཞིག་ཆགས་སྲིད་པ་རེད་འདུག
- 2021-11-29
-
-
-
དེ་ཡང་རྒྱ་ནག་ནང་༢༠༢༢་ལོའི་ཆེད་སྦྱོང་སློབ་གྲྭ་ཆེན་མོའི་སློབ་ཐོན་པ་ས་ཡ་༡༠་བརྒལ་ནས་་ལོ་འཁོར་དེའི་མི་གྲངས་འཕར་སྣོན་བྱུང་བ་དེ་ཏོག་དབྱིབས་རིམས་ནད་སྔོན་གྱི་ལོ་༩་ཡི་མི་གྲངས་བསྡོམས་འབོར་ལས་མང་བ་ཆག་རྒྱུ་ཡིན་པ་རེད། ཉིན་ཤས་སྔོན་རྒྱ་ནག་སློབ་གསོ་ལྷན་ཁང་གི་གཞུང་འབྲེལ་དྲ་རྒྱའི་ཐོག་ཁྱབ་བསྒྲགས་བྱས་བར་གཞིགས་ན། ད་རེས་མཐོ་རིམ་སློབ་ཐོན་པའི་གྲངས་འབོར་འཕར་ཚད་དེ་ལོ་རྒྱུས་ཀྱི་ཐོག་ནས་སློབ་མའི་གྲངས་འབོར་མང་ཤོས་ཞིག་ཆགས་ཀྱི་ཡོད་པ་བརྟེན་དེའི་སློབ་མ་ཚོར་ལས་ཀ་འཚོལ་རྒྱུའི་ཐོག་ལ་རྙོག་འཛིང་དང་དཀའ་ངལ་ཆེན་པོ་ཞིག་ཆགས་ཡོང་གི་ཡོད་པ་རེད་འདུག
རྒྱ་ནག་གི་གསར་འགྱུར་ཁག་དུ་གནས་ཚུལ་སྤེལ་བ་གཞིགས་ན། རྒྱ་ནག་གཞུང་གི་སྔོན་དཔག་ལྟར་ན། སྤྱི་ལོ་༢༠༢༢་ལོར་ཆེད་སྦྱོང་སློབ་གྲྭ་ཆེན་མོའི་ནས་ཐོན་མཁན་མི་གྲངས་ཁྲི་༡༠༧༦་ཟིན་རྒྱུ་ཡིན་པ་དང་། དེ་ནི་སྤྱི་ལོ་༢༠༢༡་ལོ་དང་བསྡུར་བ་ཡིན་ན། ཁྲི་༡༦༧་འཕར་ཡོད་པ་རེད། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་ཆེན་མོ་ནས་ཐོན་མཁན་གྲངས་འབོར་དེ་ཐེངས་དང་པོར་ས་ཡ་༡༠་ལས་བརྒལ་བ་ཞིག་ཆགས་ཡོད་པ་དང་། དེ་ནི་ཉེ་བའི་ལོ་ཤས་རིང་། སློབ་མའི་གྲངས་འབོར་འཕར་སྣོན་བྱུང་བའི་ནང་ནས་མང་ཤོས་ཀྱི་ལོ་ཞིག་ཀྱང་ཡིན་པ་རེད། དེར་བརྟེན་སློབ་གྲྭ་ཆེན་མོའི་མཐར་ཕྱིན་པ་ཚོས་ལས་ཀ་འཚོལ་རྒྱུའི་ཐད་སྔར་བྱུང་མྱོང་མེད་པའི་དཀའ་ངལ་ཆེན་པོ་ཞིག་དང་གནོན་ཤུགས་ཆེན་པོ་ཞིག་ཆགས་ཡོངས་ཀྱི་ཡོད་པ་རེད།
དུས་མཚུངས་རྒྱ་ནག་ནང་ལ་ལོ་རེ་བཞིན་མཐོ་རིམ་སློབ་གྲྭ་ཆེན་མོའི་ནང་ནས་ཐོན་པའི་མཐར་ཕྱིན་པའི་གྲངས་འབོར་དེ་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། དེའི་ཐོག་ལ་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་པས་རྒྱ་ནག་གི་དཔལ་འབྱོར་ཐོག་ལ་གནོད་སྐྱོན་དང་ཤུགས་རྐྱེན་ངན་པ་ཞིག་ཐེབས་ཡོད་པ་བཅས་ཀྱི་ཐོག་ནས་རྒྱ་ནག་ལ་དེ་བས་ཀྱང་དཀའ་ངལ་འཕར་མ་ཞིག་ཡིན་པ་རེད།
ཡིན་ནའང་རྒྱ་ནག་གཞུང་གིས་ཐབས་ཤེས་འདྲ་མིན་བྱས་ནས་སློབ་མ་ཚོར་ལས་ཀ་འཚོལ་རྒྱུའི་གནོན་ཤུགས་དེ་ཆུང་དུ་གཏོང་ཐབས་ཀྱི་ཐབས་ལམ་ཞིག་འཚོལ་བཞིན་ཡོད་ཀྱང་། སློབ་གྲ་ཆེན་མོ་ནས་ཐོན་པ་རྣམས་ཀྱིས་ལས་ཀ་འཚོལ་རྒྱུའི་གནད་དོན་དེ་རྒྱ་ནག་ནང་ལ་དཀའ་ངལ་ཆེན་པོ་ཞིག་ཆགས་སྲིད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་རྩད་གཅོད་དང་བཅས་གནས་ཚུལ་སྤེལ་འདུག
གསར་འགོད་པ། བློ་བཟང་ཆོས་འཕེལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།