རྒྱ་ནག་དང་ཡོ་རོབ་སྤྱི་མཚུན་གྲོས་མོལ་བྱ་རྒྱུར་དོ་ཕོག་ཡོང་ཉེན།

རྒྱ་ནག་གི་ཚན་རིག་པ་ལྦོ་ལྦེ་ཧན་སྲོག་ཐོག་བཏང་བ་དེ་ཡིས་རྒྱ་ནག་གཞུང་གིས་ཡོ་རོབ་སྤྱི་མཚུན་ལྷན་དུ་གྲོས་མོལ་བྱ་རྒྱུར་དོ་ཕོག་ཡོང་བའི་ཉེན་བརྡ།

༄༅༎རྒྱ་ནག་གི་ཚན་རིག་པ་ལྦོ་ལྦེ་ཧན་ཞུ་བ་དེ་ཡིས་ཐའེ་ལྦན་གྱི་ཆེད་དུ་རྒྱ་ནག་ནས་སོ་མྱུལ་བྱས་ཡོད་ལུགས་ཁོང་གི་ཐོག་ལ་རྒྱ་ནག་གཞུང་གིས་ནག་ཉེས་བཙུགས་ཐོག་ཁོང་གི་བུ་མོས་ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ལ་བརྗོད་གསལ་ལྟར་ན་རྒྱ་ནག་གཞུང་གིས་ཁོང་གི་ཕ་ཁ་ས་སྲོག་ཐོག་བཏང་ཡོད་པ་རེད། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་རྒྱ་ནག་གཞུང་དང་རྒྱལ་ཁབ་གྲངས་ཉི་ཤུ་རྩ་བདུན་ལས་གྲུབ་པའི་ཡོ་རོབ་སྤྱི་མཐུན་དབར་རྒྱ་ནག་གི་རྒྱལ་སར་ཉེ་ཆར་གྲོས་མོལ་བྱས་ནས་གྲོས་མོལ་མཇུག་སྒྲིལ་ནས་ཉི་མ་རེ་བཟུང་ལས་མ་ཕྱིན་གོང་ནས་རྒྱ་ནག་གཞུང་གིས་ཚན་རིག་པ་ལྦོ་ལྦེ་ཧན་ཞུ་བ་སྲོག་ཐོག་བཏང་བར་ཡོ་རོབ་སྤྱི་མཐུན་གྱིས་ཚིག་ཐད་ཆོད་ཅིང་ཚད་མཐོའི་ནུས་ཤུགས་ལྡན་པའི་བརྗོད་བྱའི་ངང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཞུ་གི་ཡོད་ཅེས་གཏམ་བཤད་ཅིག་འགྲེམས་སྤེལ་བྱས་པ་དང་སྦྲགས་རྒྱ་ནག་གཞུང་གི་བྱ་སྤྱོད་དེ་ཡིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་རྒྱ་ནག་གཞུང་གིས་ཡོ་རོབ་སྤྱི་མཚུན་ལྷན་དུ་གྲོས་མོལ་བྱ་རྒྱུར་རྡོ་ཕོག་གཏང་རྒྱུའི་གྲུབ་འབྲས་ངན་པ་ཐོན་གྱི་རེད་ཅེས་ཉེན་བརྡ་བཏང་ཡོད་པ་རེད། རྒྱ་ནག་གཞུང་གིས་ཚན་རིག་པ་ལྦོ་ལྦེ་ཧན་སྲོག་ཐོག་བཏང་བ་དེ་ཡིས་འགྲོ་བ་མིའི་ཐོབ་ཐང་ཐད་རྒྱ་ནག་དང་ཡོ་རོབ་སྤྱི་མཐུན་དབར་གྲོས་མོལ་གནང་རྒྱུར་རྒྱ་ནག་དང་ཡོ་རོབ་སྤྱི་མཚུན་དབར་ཕན་ཚུན་ཡིད་ཆེས་དང་ཆེ་མཐོང་གི་སྙིང་སྟོབས་དགོས་གལ་ཆེ་ཡང་རྒྱ་ནག་གཞུང་གི་བྱ་སྤྱོད་དེ་ཡིས་རྒྱ་ནག་དང་ཡོ་རོབ་སྤྱི་མཐུན་དབར་ཕན་ཚུན་ཡིད་ཆེས་དང་ཆེ་མཐོང་ཞུ་རྒྱུའི་སྙིང་སྟོབས་ལ་ཉམས་ཆགས་ཚབས་ཆེ་བཏང་བ་རེད་ཅེས་ཀྱང་ཡོ་རོབ་སྤྱི་མཐུན་གྱིས་གཏམ་བཤདད་སྤེལ་ཡོད་པ་རེད། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་ཡོ་རོབ་སྤི་མཚུན་ལྷན་དུ་གྲོས་མོལ་བྱེད་སྐབས་རྒྱ་ནག་གཞུང་གིས་བཙོན་པ་སྲོག་ཐོག་གཏོང་བའི་སྲིད་བྱུས་ཐོག་ལ་ཡོ་རོབ་སྤྱི་མཐུན་གྱིས་ངོ་རྒོལ་ཤུགས་དྲག་ལྡན་པ་བྱས་ཡོད་པ་རེད་ལ་སྐབས་དེར་རྒྱ་ནག་གི་ཚན་རིག་པ་ལྦོ་ལྦེ་ཧན་ཞུ་བར་ཉེས་པ་སྲོག་ཐོག་གཏོང་རྒྱུའི་ཚབ་ཏུ་ཉེས་ཆད་ཆག་ཡང་གཏོང་དགོས་པའི་སྐུལ་འདེད་ཞུས་ཡོད་པ་རེད། རྒྱ་ནག་གི་ཚན་རིག་པ་ལྦོ་ལྦེ་ཧན་ཞུ་བ་དེ་ཡིས་ཐའེ་ལྦན་གྱི་ཆེད་དུ་རྒྱ་ནག་ནང་སོ་མྱུལ་བྱས་ཡོད་ལུགས་ཁོང་གི་ཐོག་ལ་རྒྱ་ནག་གཞུང་གིས་ནག་ཉེས་བཙུགས་ཀྱང་ཁོང་གི་ངོས་ནས་ནག་ཉེས་ངོས་ལེན་གནང་མེད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org